ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྲིན་མཚོ་གྲོང་ཚོར་གནས་པའི་གཟི་བྱིན་བླ་མཚོ་ནི་ཕྱོགས་བཞི་རི་བོས་བསྐོར་བ་དང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས། ཡུལ་སྐོར་བ་ཚོས་དེའི་ངོ་མཚར་དང་མཛེས་པ་མྱོང་རོལ་བྱ་ཆེད་ཕྱོགས་བཞི་མཚམས་བརྒྱད་ནས་ཡུལ་སྐོར་བྱེད་པར་ཡོང་གི་ཡོད།
འདི་ལོའི་ཟླ་5པར། གྲོང་སྡོད་ལས་དོན་རུ་ཁག་བརྗེ་རེས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཚའོ་ནན་དང་འཕྲིན་ལས་དོན་གྲུབ་སྤྲིན་མཚོ་གྲོང་ཚོར་མངགས་ནས། གྲོང་ཚོ་དེའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་ཁུར། གྲོང་ཚོར་འབྱོར་མ་ཐག་ཁོང་གཉིས་པོས་གང་སར་བསྐྱོད་དེ་གྲོང་བབ་དམངས་འདོད་དང་། ཡོང་འབབ་ཡོང་ཁུངས། སྡོད་མལ་ཁོར་ཡུག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
ཚའོ་ནན་གྱིས“སྤྲིན་མཚོ་གྲོང་ཚོའི་ཡུལ་མི་ཚོས་གཙོ་བོ་འབྲོག་ལས་དང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད། ཇི་ལྟར་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་བས་འཕེལ་རྒྱས་ལེགས་པ་དང་དེ་བས་མདུན་ལམ་ལྡན་པ་ཞིག་བྱེད་པར་ང་ཚོ་གྲོང་སྡོད་ལས་དོན་རུ་ཁག་གིས་འབད་བརྩོན་ཧུར་ཐག་བྱེད་དགོས་ཀྱི་ཡོད”ཅེས་བཤད།
མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ས་ཚིགས་ཀྱི་རླངས་འཁོར་འཇོག་སྟངས་ཚད་ལྡན་མེད་པ་དང་གཙང་སྦྲ་འཕྲོད་བསྟེན་ཐད“བཙོག་ཟིང་ཞན་གསུམ”སོགས་ཀྱི་གནད་དོན་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། མཛེས་ལྗོངས་ཁུལ་ཚད་ལྡན་ངང་དོ་དམ་ཡག་པོ་ཇི་ལྟར་བྱེད་དགོས་སམ། མཛེས་ལྗོངས་ཁུལ་ཡུན་རིང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ། གནད་དོན་འདི་དག་གིས་གྲོང་སྡོད་ལས་དོན་རུ་ཁག་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད།
ཚའོ་ནན་དང་འཕྲིན་ལས་དོན་གྲུབ་གཉིས་པོས་བསམ་བློ་ཞིབ་ཚགས་གཏོང་བ་དང་འབད་བརྩོན་ལྷོད་མེད་བྱས་མཐར་སྐྱེ་ཁམས་ཤེས་དཔལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་བྱེད་རིང“མཛེས་ལྗོངས་ཁུལ་ལ་བརྟེན་ནས་གྲོང་ཚོ་འཕེལ་རྒྱས་གཏོང་བའི”ཐབས་ཤེས་རྙེད་པ་རེད།
ཚའོ་ནན་དང་འཕྲིན་ལས་དོན་གྲུབ་ཀྱིས་མཛེས་ལྗོངས་ཁུལ་གྱི་དོ་དམ་གནས་ཚུལ་དང་དེ་བཞིན་གྲོང་ཚོའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་རྗེས། རང་འགུལ་ངང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་འབྲེལ་མཐུད་ཀྱིས་ཡུལ་མིའི་ཚོགས་ཆེན་འཚོགས་ཏེ། ཡུལ་མིར“ཁེ་སྤོགས་རྩིས་ཁྲ”གསལ་པོ་བཟོ་རོགས་བྱས་ནས་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
འདི་ལོའི་ཟླ་5པ་ནས་9པའི་བར། གཟི་བྱིན་བླ་མཚོ་མཛེས་ལྗོངས་ཁུལ་གྱིས་ཆ་སྙོམས་ཉིན་ལྟར་ཡུལ་སྐོར་བ་130ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བྱེད་མང་བའི་དུས་སུ་མི་ཐེངས་600ལྷག་ཙམ་ཟིན་ཡོད། གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་3.6ལྷག་ཙམ་འཕར་སྣོན་བྱུང་ནས་དུད་ཚང་རེར་ཡོང་འབབ་སྒོར་1100ལྷག་ཙམ་འཕར་ཞིང་། སྤྲིན་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཤེས་ཆོས་འཕེལ་གྱིས“གྲོང་སྡོད་ལས་དོན་རུ་ཁག་གི་འགན་འཁྲི་འཁུར་སེམས་ཧ་ཅང་ཆེ་བས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཐུབ་ནས་མང་ཚོགས་ལ‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པས་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ལས་རོགས་བཟང་པོ་ཞིག་རེད”ཅེས་བཤད།
ཚའོ་ནན་གྱིས“མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་མིན་པས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་སྤྱི་བདེ་མི་དམངས་ཉེན་རྟོག་པ་མཐོང་རྒྱུ་ཡོད”ཅེས་བཤད། འདི་ལོའི་ཟླ་5པ་ཚུན། སྤྲིན་མཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་དཀའ་ངལ་དངོས་ཐེངས་4ཐག་གཅོད་བྱེད་རོགས་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་སྤྲད་པ་དང་འཚམས་འདྲིའི་དངུལ་མི་དམངས་ཤོག་སྒོར་6600སྤྲད་ཡོད།
ཡུལ་མི་ལྷ་མོས“ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ནས་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ”ཞེས་བཤད།
རྩོམ་སྒྲིག་པ། སྐར་མ་སྒྲོལ་མ།
中央部门网站
自治区部门网站
地(市)委部门网站
相关新闻网站