“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཞིང་། ལོ་རྒྱུས་ཐོག་བོད་ནི“གནའ་བོའི་ལྷོ་རྒྱུད་ཀྱི་དར་གོས་ལམ་བུ”དང་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། གནའ་བོའི་ཀྲུང་གོ་ནས་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་ཞིག་སྟེ་ཐང་འཕགས་གནའ་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན།
སྒོ་དབྱེའི་དཔྱིད་རླུང་དང་བསྟུན་ནས་བོད་ཀྱི་ལོ་ངོ་དུ་མའི་རིང་འཇམ་ཐིང་ཐིང་དུ་གནས་པའི་གནའ་ལམ་དུ་སྔ་འཛིན་ཕྱི་གཏོད་ཀྱི་ལེའུ་བརྩམས་ཡོད། བོད་ཀྱིས་ཕྱི་ནང་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་མཐའ་མཚམས་རྒྱུད་ཀྱི་སྒོ་དབྱེའི་དཔལ་འབྱོར་ཁུལ་སྐྲུན་མགྱོགས་སུ་བཏང་སྟེ། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་བསྐྲུན་པ་དང“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་གཏིང་ཟབ་བྱས་ནས་རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
“འཛུགས་སྐྲུན་གྱི་འབྲེལ་མཐུད་ཐད”ཕྱོགས་ཡོངས་ཀྱི་མཉམ་སྦྲེལ་དྲ་རྒྱ་བསྐྲུན་པ།
འགྲོ་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པ་བྱེད་པ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་དང་སྐུལ་འདེད་གཏོང་བའི་ནང་དོན་དང་མཚོན་རྟགས་གལ་ཆེན་ཞིག་རེད། ལོ་བཅུའི་རིང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱིས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆ་འཕྲིན། འགག་སྒོ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ནས་ཧི་མ་ལ་ཡ་བརྒལ་བའི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
སྐམ་ལམ་གྱི་ཐད། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད་པ་དང་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་སྒྱུར་བཀོད་དངོས་སུ་ལག་ལེན་བསྟར་བའི་དུས་མཚམས་སུ་སླེབས་ཡོད། ཀྲུང་ནེ་རྒྱལ་ཁབ་གཉིས་པོས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ། ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་ལམ་དུམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྐམ་ལམ་གྱི་བགྲོད་ལམ་ཆེན་པོ་བསྐྲུན་པ། གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་འགོའི་ལས་དོན་བརྟན་པོའི་ངང་སྤེལ་བ་བཅས་རེད།
མཁའ་ཐོག་སྐྱེལ་འདྲེན་ཐད། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་བབས་ཚུགས་གསར་པ་སྤྱོད་འགོ་ཚུགས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་གནམ་ཐང་འཁོར་རྒྱུག་བརྟན་པོ་བྱུང་བ། སྤུ་ཧྲེང་གནམ་ཐང་དང་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་མགྱོགས་མྱུར་སྐྲུན་བཞིན་པ། རྒྱལ་ནང་དང་རྒྱལ་སྤྱིའི་དབར་གྱི་མཁའ་ལམ་ཁག་159བཏོད་པ། ཧི་མ་ལ་ཡ་བརྒལ་བའི“མཁའ་དབྱིངས་བར་ཁྱམས”འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།
མིག་སྔར་སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ་བཅས་ཀྱི་འགག་སྒོར་ཕྱོགས་གཉིས་པོའི་དབར་ཟོག་འདྲེན་ལམ་བུ་ཤར་གཏོང་ཐུབ་པ་དང་ལེགས་རྩེ་འགག་སྒོར་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཉེ་འཁོར་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོ་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ལྷ་སའི་ཁུལ་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་ཅུས་བཙུགས་ཏེ་འཁོར་རྒྱུག་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཏེ་འཁོར་རྒྱུག་བྱས་པ། “ཨེ་ཤེ་ཡ་ལྷོ་མའི་གྲངས་འཛིན་གྲུ་ཁའི”འཛུགས་སྐྲུན་གཙོ་བོ་བསྐྲུན་ཟིན་པ་དང་བསྟུན་ནས་རང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྔར་བས་རམ་འདེགས་བྱས་ཡོད།
“མཉམ་ལས་ཀྱི་འབྲེལ་མཐུད”ས་ཁུལ་དང་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་དང་། “ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར” “ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས” “ཕྱི་འབྲེལ་པུའི་བོད་ལྗོངས་གོ་ལ་ཧྲིལ་པོར་འོས་སྦྱོར་བྱེད་པའི་བྱེད་སྒོ”བཅས་དང་། དེ་བཞིན་བོད་ལྗོངས་འགྲེམས་ཚོགས་སོགས་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་དང་གླེང་སྟེགས་ཀྱི་ལས་སྟེགས་གལ་ཆེན་དག་ཀྲུང་གོའི་བོད་ལྗོངས་ཀྱིས་ས་ཁུལ་དང་རྒྱལ་ཁབ་དབར་གྱི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད།
ལོ་བཅུའི་རིང་། བོད་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་རྣམ་པ་མི་འདྲ་བའི་འགྲོ་འོང་རྒྱུན་མཐུད་མང་དུ་ཕྱིན་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་། ལྷ་ས་གྲོང་ཁྱེར་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ། ལྷ་ས་སྐམ་སའི་གྲུ་ཁའི་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་ཁུལ་སོགས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ལས་སྟེགས་གསར་པ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་པ་དང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དང་རྒྱལ་ཁབ་མི་འདྲ་བའི་ཞིབ་འཇུག་ལྟེ་གནས་མང་པོ་བཙུགས་པ་དང་བོད་ཀྱི་ཕྱི་ཕྱོགས་ཇུས་འདོན་ཚོགས་པའི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་དང་སློབ་གསོའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་བ། “ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས”ཞེས་པའི་ཕྱི་ཕྱོགས་རིག་གནས་སྤེལ་རེས་སྤུས་རྟགས་བཏོད་དེ་གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་དང་། ཀྲུང་ནེའི་རིག་གནས་ཡུལ་སྐོར་མཉམ་ལས་ཁུལ། མཐའ་མཚམས་ཡུལ་སྐོར་ལྟ་སྐོར་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད།
“སྒོ་དབྱེ་གཏིང་ཟབ”ཕྱི་ཕྱོགས་ཚོང་དོན་སྔར་བས་རྒྱ་ཆེར་བཏང་བ།
འདི་ལོར་འགག་སྒོའི་ཕྱོགས་གཉིས་ནས་དངོས་ཟོག་འགག་སྒྲོལ་དང་མི་སྣ་འགྲོ་འོང་བདེ་བླག་ངང་སླར་གསོ་བྱུང་བ་དང་བསྟུན་ནས་འགྲམ་དང་། སྐྱིད་གྲོང་། སྤུ་ཧྲེང་བཅས་ཀྱི་འགག་སྒོ་ནས་དེ་སྔའི་མཐའ་མཚམས་ཀྱི་དར་རྒྱས་ཆེ་བའི་ཚོང་དོན་རྣམ་པ་སླར་ཡང་མངོན་ཡོད།
སྒོ་དབྱེ་ནི་ས་ཁུལ་ཞིག་དར་རྒྱས་གོང་འཕེལ་ཡོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ལོ་བཅུའི་རིང་། བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚོང་དོན་སྟབས་བདེ་ཅན་གྱི་སྲིད་ཇུས་དང་བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། འགག་སྒོའི་འགག་སྒྲོལ་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་བྱེད་པོ་85ཟིན་ཞིང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་46.01ཟིན་པ་དེ་དུས་མཚུངས་ལས་14.6%འཕར་བ་དང་། ཚོང་དོན་རོགས་ཟླ་རྒྱལ་ཁབ་དང་ས་ཁུལ་95ལ་ཁྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་23.79ཟིན་པ་དེ་དུས་མཚུངས་ལས་20%འཕར་ཡོད།
རང་སྐྱོང་ལྗོངས་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཝང་ཡིའུ་ཧྭ་ཡིས་བོད་ཀྱིས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་གོམ་སྟབས་སྤོ་མཚམས་མི་འཇོག་པར་ས་བབ་ཀྱི་ལེགས་ཆ་དང་། སྲིད་ཇུས་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站