འདི་ལོའི་ཟླ་གཉིས་པར་ཞིང་ལས་དང་གྲོང་གསེབ་པུས་ཁག་བཞི་པའི་རྣམ་གསར་ཞིང་ལས་གཉེར་སྐྱོང་བྱེད་པོའི་དཔེ་མཚོན་ཁྱབ་བསྒྲགས་བྱས་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉིས་གྲུབ་འབྲས་ཐོབ་པའི་ངང་བདམས་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་ལྕགས་ནགས་རི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང“མཉམ་ལས་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་མཉམ་ལས་ཟབ་ཏུ་གཏོང་བའི”དཔེ་མཚོན་ནང་བདམས་པ་དང་། ཉིང་ཁྲིའི་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོའི་དགའ་ལུང་ནགས་གསེབ་ཐོན་ཁུངས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང“གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས”ཀྱི་དཔེ་མཚོན་དུ་བདམས་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གི་ཕན་བདེའི་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱིས་ཞིང་འབྲོག་པའི་མཉམ་ལས་ཁང་དེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པ། གྲོང་ཚོ་ཨུ་ལྷན་གྱིས་བདག་གཉེར་བྱེད་པ། འཇོན་ཐང་ཅན་གྱིས་གཉེར་བ་སོགས་ཀྱི་སྣེ་ཁྲིད་བྱེད་ཐབས་བརྒྱུད་ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་གསོ་ཚགས་དང་ཞིང་ལས་ཐོན་རྫས་ལས་སྣོན་སོགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་ཁང་བཙུགས་ཏེ། རང་ལྗོངས་ཀྱི་ཞིང་འབྲོག་པའི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཡོད།
ཕྱུགས་རྫི་བར་གླ་ཆ་སྒོར་ཁྲི་39.3ཟིན་པ་དང་། མ་རྐང་ནང་ཞུགས་པའི་བསྡུར་གྲངས་ལས་དངུལ་སྨར་སྒོར་ཁྲི་37.25བགོ་འགྲེམས་བརྒྱབ་པ། བལ་རྒྱ་མ་1862དངུལ་སྨར་ལ་ཕབ་ན་སྒོར་ཁྲི་1.86ཟིན་པ། དུད་ཚང་རེར་རིལ་མ་རྩྭ་རས་40དང་རྩྭ་རས་རེར་སྒོར་25ལྟར་བརྩིས་ནས་དངུལ་སྨར་ལ་ཕབ་ན་སྒོར་ཁྲི་10.7ཟིན་པ། མང་ཚོགས་ཕྱིར་གླ་པར་སྐྱོད་པའི་ཁ་གསབ་སྒོར་ཁྲི་7ཟིན་པ་སོགས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ཞོལ་གྲོང་ཚོའི་རྩྭ་ཆུ་འཛོམས་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་2022ལོ་འཁོར་གྱི་མཉམ་ལས་ཁང་གི་བགོ་འགྲེམས་མཛད་སྒོ་འཚོགས་ཤིང་། མཉམ་ལས་ཁང་དེའི་ལོ་འཁོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་170ལྷག་ཙམ་ཟིན་པ་དང་མ་རྐང་ནང་ཞུགས་པའི་བསྡུར་གྲངས་དང་དེ་བཞིན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་བསྡུར་ཚད་ལྟར་ཁེ་སྤོགས་སྒོར་ཁྲི་106ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད།
གམ་པ་རྫོང་ཞོལ་གྲོང་ཚོའི་རྩྭ་ཆུ་འཛོམས་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་2019ལོར་བཙུགས་པ་དང་ལུག་3700ནས་ལུག་5600བར་མང་དུ་ཕྱིན་ཡོད། “གོམ་སྟབས་རྗེས་མར་མཉམ་ལས་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁེ་སྤོགས་དེ་བས་མང་བ་ཐོབ་པ་བྱེད་རྒྱུ་མ་ཟད། མུ་མཐུད་སྟོབས་ཆེར་དང་ལེགས་སུ་གཏོང་བ་དང་། མཉམ་ལས་ཁང་གི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། མཉམ་ལས་ཁང་གི་དཔལ་འབྱོར་དངོས་ཤུགས་དང་། འཕེལ་རྒྱས་ཀྱི་གསོན་ཤུགས། སྐུལ་ཁྲིད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན”ཞེས་གམ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ནམས་ཚེ་རིང་གིས་བཤད།
གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་6པ་བར་ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་ཞིང་འབྲོག་པའི་མཉམ་ལས་ཁང་11980ཡོད་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་138དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁང་118ཡོད་པ་དང་། ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་མ་ལག་གི་ཁྱིམ་ཚང་ཞིང་འབྲོག་ར་9472ཡོད་པ་དེ་དུས་མཚུངས་ལས་318མང་དུ་ཕྱིན་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒྱུ་ནོར་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་མཉམ་ལས་ཁང་734ཡོད་པ་དེ་ན་ནིང་ལས་26མང་དུ་ཕྱིན་ཡོད། དེའི་ནང་རྒྱུ་ནོར་སྒོར་ཁྲི་སྟོང་ཕྲག་ལྷག་ཙམ་ཟིན་པའི་མཉམ་ལས་ཁང་81ཡོད་པ་དེ་ན་ནིང་ལས་6གིས་མང་དུ་ཕྱིན་ཡོད་པ་རེད།
ཞིང་འབྲོག་པའི་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་ཆབས་ཅིག རང་ལྗོངས་ཀྱིས་དཔེ་སྟོན་ཁང་འཛུགས་གཏོད་ལས་དོན་ཧུར་ཐག་སྤེལ་བ་དང་། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། མཉམ་ལས་ཁང་གིས་ལག་ལེན་ཁྲོད་འཚོལ་ཞིབ་བྱས་པའི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་གདམ་གསེས་བྱས་ནས། དྲིལ་བསྒྲགས་དང་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ཡོད། དུས་མཚུངས“ཁོག་སྟོང་ཁང”གཙང་སེལ་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མིག་སྔར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་ཡོངས་བསྒྲགས་བྱས་པ་དང་། རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་40མང་དུ་བཏང་བ་དང“ཁོག་སྟོང་ཁང”716ཐོ་ཁོངས་ནས་བསུབས་ཡོད་པ་རེད།
མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གང་མགྱོགས་གཏོང་ཆེད། 《དངུལ་རྩས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ཁོངས་གཏོགས་དངུལ་ཁང་སྒྲིག་གཞིས་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཡིད་རྟོན་དངུལ་བུན་གྱི་མ་རྩ་མཉམ་འདྲེས་ཞབས་ཞུའི་དཀའ་གནད་ལ་དམ་པོར་དམིགས་ནས། གྲོང་གསེབ་ཀྱི་དངུལ་རྩའི་སྲིད་ཇུས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་རྩས་མཉམ་ལས་ཁང་ཚད་ལྡན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རོགས་བྱེད་པའི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། 2022ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས“ཐོག་མའི་དངུལ་བུན”གྱི་མཉམ་ལས་ཁང་29སྐྱེད་སྲིང་བྱས་པ་དང་དངུལ་བུན་ལྷག་གྲངས་སྒོར་ཁྲི་4300ཟིན་ཡོད་པ་རེད།
བོད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་ལྡན་པས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་འགྲོ་བར་རང་བྱུང་ཆ་རྐྱེན་མཁོ་འདོན་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས། ཞིང་ལས་ཐོན་རྫས་ལས་སྣོན། ལག་ཤེས་བཟོ་ལས། ཞབས་ཞུའི་ལས་རིགས། སྐྱེལ་འདྲེན། ཨར་སྐྲུན་སོགས་ལས་རིགས་དང་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད། མཉམ་ལས་ཁང་དེ་དག་གིས་ས་གནས་དེ་གའི་མང་ཚོགས་རྣམས་མཉམ་ལས་ཁང་དུ་ཞུགས་པར་སྣེ་ཁྲིད་རྒྱ་ཁྱབ་བྱས་པ་དང་2022ལོར་ལྗོངས་ཡོངས་སུ་མཉམ་ལས་ཁང་ནང་ཞུགས་མཁན་ཞིང་འབྲོག་པ་དུད་ཚང་ཁྲི་30ཙམ་དང་མི་གྲངས་ཁྲི་120ཙམ་ཟིན་ཡོད་པ་རེད།
གཞན་ཡང་རང་ལྗོངས་ཀྱིས་མི་སྣ་གསོ་སྦྱོང་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཚབ་གཉེར་ཞབས་ཞུར་སྐུལ་འདེད།གསོ་ཚགས་ལས་རིགས་ཀྱི་མཉམ་ལས་ཁང་གཉེར་ཚུལ་ལ་བརྟག་དཔྱད། མཉམ་ལས་ཁང་གི་བཅའ་ཁྲིམས་བཟོ་བའི་ཐད་ཀྱི་ཁྲིམས་འཛུགས་བརྟག་ཞིབ་སོགས་ལ་ཤུགས་སྣོན་བརྒྱབ་ཡོད། ལོ་སྟོད་ཁོ་ནར་ལྗོངས་ནང་ཁུལ་དུ་མཉམ་ལས་ཁང་གི་སྣེ་ཁྲིད་པ་དང་དོ་དམ་མི་སྣར་གསོ་སྦྱོང་ཐེངས་3བྱས་པ་དང་མི་ཐེངས་390ཟིན་ཡོད། མི་20སྒྲིག་འཛུགས་བྱས་ནས་ཞིང་ལས་དང་གྲོང་གསེབ་པུའི་རྣམ་གསར་ཞིང་ལས་གཉེར་སྐྱོང་བྱེད་པོའི་དཔེ་སྟོན་འགན་འཁུར་བའི་དཔེ་སྟོན་གསོ་སྦྱོང་ནང་ཞུགས་པ་དང་། ཆུ་ཤུར་རྫོང་དང་སྣེ་གདོང་ཆུས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་ས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་སྒོ་ཁག་གཉིས་ཀྱི་གསོ་སྦྱོང་ནང་ཞུགས་པ་རེད།
ཞིང་འབྲོག་པའི་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དེས་ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་དང་ཐོན་སྐྱེད་ལས་ཕྱོད་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ཐོན་སྐྱེད་ཀྱི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད། མཉམ་ལས་ཁང་ནི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“མེ་འཁོར་གྱི་མགོར”གྱུར་ནས་མང་ཚོགས་ཀྱི་འཚོ་བར་ཡང་རེ་བས་ཁེངས་ཡོད་པ་རེད།
རྩོམ་སྒྲིག་པ། དབྱངས་ཅན།
中央部门网站
自治区部门网站
地(市)委部门网站
相关新闻网站