“ཀྲུང་གོའི་བོད་ལྗོངས‘ཧི་མ་ལ་ཡའི་མཐའ་འཁོར’གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཀླུ་ནང་དུ་གཉེར་ཞིང་། ང་ཚོ་བཀྲ་ཤིས་སྒང་གྲོང་ཚོའི་ངོས་ནས་བརྗོད་ན་དེ་ནི་ལྕག་སྐུལ་ཆེན་པོ་ཞིག་རེད”གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མས་དགའ་ཚོར་ཆེན་པོས“གླེང་སྟེགས་གཉེར་རིང་སྐུ་མགྲོན་ཚོ་བཀྲ་ཤིས་སྒང་གྲོང་ཚོར་ཡོང་ནས་ཀོང་པོའི་དམངས་སྲོལ་ཉམས་ལེན་དང་། གླུ་གར་ལ་ལྟ་བ། ས་གནས་དེ་གའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་བཅས་བྱས་ནས་ཚང་མས་ང་ཚོའི་གྲོང་ཚོའི་འཕེལ་རྒྱས་ལ་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བཤད།
“རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པའི་བཀྲ་ཤིས་སྒང་གྲོང་ཚོ་ནི་ཀླུ་ནང་གྲོང་རྡལ་དང་བར་ཐག་སྤྱི་ལེ་3དང་ཉིང་ཁྲི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་73གྱི་སར་གནས་ཡོད། གྲོང་ཚོའི་ཁོར་ཡུག་མཛེས་ཤིང་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། ད་དུང་རི་མཐོའི་འབྲོག་ར་དང་གུམས་མཚོའི་མཛེས་ལྗོངས་ཁུལ་ཡོད་པས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་བབ་ཀྱི་ལེགས་ཆ་ཡང་མངོན་གསལ་དོད་པོ་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འོན་ཀྱང་ལོ་མང་གོང་བཀྲ་ཤིས་སྒང་གྲོང་ཚོ་ནི་དུད་ཚང་བཅུ་གྲངས་ཁ་ཐོར་དུ་གནས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་། འགྲོ་ལམ་འདམ་རྫབ་དང་སྡོད་ཁང་གོག་ཧྲུལ་ཡིན་པ་མ་ཟད། ད་དུང་གྲོང་མི་ཚོས་ལོ་གཅིག་ཞིང་ལས་ཧུར་ཐག་བྱས་རུང་ལྟོ་གོས་འཕྱིད་ཙམ་ལས་མེད། གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་ཆེད། གྲོང་ཚོས་རིག་གནས་མཚན་མོའི་སློབ་གྲྭ་གཉེར་བ་དང་། ཞིང་པའི་དཔེ་དེབ་ཁང་བཙུགས་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོའི་འགྲོ་ལམ་ཉམས་གསོ་བྱས་པ། གཞོན་ནུ་གྲོང་ཁྱེར་དང་ས་ཁུལ་གཞན་དག་ཏུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་མངགས་ཡོད། དེ་དང་ཆབས་ཅིག་བཀྲ་ཤིས་སྒང་གྲོང་ཚོས‘ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་འཛུགས་པ་དང་ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་ཕྱུག་འགྱུར་ཡོང་བ་བྱེད་པའི’འདུ་ཤེས་མཐའ་འཁྱོངས་བྱས་ནས‘ཏང་འཛུགས་སྐྱོང+མཉམ་ལས་ཁང+ཞིང་དུད’ཀྱི་བྱེད་སྟངས་བརྒྱུད། གྲོང་མིའི་སྣེ་ཁྲིད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་བི་ཤུ་འཕེན་པ་དང་། རྟ་བཞོན་པ། བོད་ཟས་ཀྱི་བྲོ་བ་མྱོང་བ། མི་རིགས་ཀྱི་གྱོན་ཆས་གཡར་བ་སོགས་ཀྱི་དམངས་སྲོལ་ཡུལ་སྐོར་རྣམ་གྲངས་རིམ་གྱིས་གསར་སྤེལ་བྱས་པས་གྲོང་མིའི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད”ཅེས་བཤད།
“ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་མོད། འོན་ཀྱང་རགས་ལས་རྣམ་པའི་དོ་དམ་དང་ཐར་ཐོར་གཉེར་སྐྱོང་གིས་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་ཁག་པོ་ཡོད། གཉེར་སྐྱོང་གི་དུས་འགོར་གནག་སེམས་འགྲན་རྩོད་དང་འཕྲོད་བསྟེན་ཞུ་གཏུག་སོགས་ཀྱི་གནད་དོན་ཡང་ཡང་ཐོན་གྱི་ཡོད། ཚད་ལྡན་གྱི་གཉེར་སྐྱོང་མེད་ན་ཡུན་རིང་གི་འཕེལ་རྒྱས་ཡོང་མི་ཐུབ། དེར་བརྟེན་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གནད་དོན་བཙལ་ནས་ཐག་གཅོད་གནད་སྨིན་བྱས་ཏེ། ཀླུ་ནང་གྲོང་རྡལ་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཐོག་མ་དེ་བཙུགས་ནས་དོ་དམ་ལམ་སྲོལ་འཛུགས་པ་དང་། འཁོར་རྒྱུག་བྱེད་སྟངས་ཚད་ལྡན་དུ་གཏོང་བ། ཞུ་གཏུག་ཐབས་ལམ་ཤར་གཏོང་ཐུབ་པ་སོགས་བརྒྱུད་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད” བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཚུལ་སྐོར་གླེང་སྐབས་པད་མས“གྲོང་ཚོའི་ཏང་ཀྲི་པུས་ད་དུང་ཀོང་ཏུང་གི་བོད་སྐྱོར་ལེགས་ཆ་གང་ལེགས་སྤྱད་དེ་ཀྲུང་ཧྲན་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། ཏང་ཡོན་མང་ཚོགས་དང་ལས་ཞུགས་མི་སྣ་ཡུན་ནན་དང་། སི་ཁྲོན། ཀོང་ཏུང་སོགས་སུ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ལ་བཏང་ནས་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་སློབ་སྦྱོང་བྱས་པ། གྲོང་ཚོས་ལོ་ལྟར་ད་དུང་མགྲོན་ཁང་གཉེར་སྐྱོང་དང་། སྲིད་ཇུས་ཁྲིམས་སྲོལ། འཕྲོད་བསྟེན་མྱུར་སྐྱོབ། མེ་ཟོན་ཤེས་བྱ་སོགས་ལ་གསོ་སྦྱོང་ཐེངས་མང་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། “ཟས་སྡོད་སྐྱོད་གསུམ་དང་ཡུལ་སྐོར་དང་རོལ་རྩེད”བཅས་གཅིག་འཐུས་རྣམ་པའི་ཡུལ་སྐོར་ཞབས་ཞུའི་ཐོན་ལས་བཏོད་ཡོད་ཅེས་བཤད།
“བཀྲ་ཤིས་སྒང་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དེ་ཡང་དག་ཅིག་ཡིན་ཞིང་། མིག་སྔར་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་ལས་ཀ་བྱེད་མཁན་160ལྷག་ཙམ་ཡོད་པ་དེས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་50%ཡན་ཟིན་ཡོད། 2022ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1862.49ཟིན་པ་དང་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.3ཟིན་ཡོད”ཅེས་པད་མས་སྤོབས་སེམས་ཆེན་པོས་བཤད།
རྩོམ་སྒྲིག་པ། བསོད་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站