“ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས” ལོ་ལེགས་ཀྱི་དུས་བཟང་འདིར་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་འདི་ས་མཐོའི་ས་གཞི་ཀུན་ལ་ཁྱབ།
ཟླ་9ཚེས་19དང་ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་དང་པོ་ལྷ་སར་གཉེར་བ་རེད།
སྐབས་འདིའི་གླེང་སྟེགས་ཀྱིས“ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དུས་མཚམས་གཉིས་ལ་དབྱེ་ཞིང་། ཚེས་19ཉིན། བརྗོད་དོན་གཙོ་བོའི་གླེང་སྟེགས་གཉེར་བ་དང་། ཚེས་20ཉིན། ལག་ལེན་དང་། ཁྲིམས་སྐྱོང་། རིག་གཞུང་བཅས་ཀྱི་ཆེད་དོན་གླེང་སྟེགས་ཁག་3གཉེར་བ་རེད། འབྲེལ་ཡོད་ཀྲུང་དབྱང་སྡེ་ཚན་དང་ཚན་པའི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེའི་མི་རིགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཁྱོན་མི་400ལྷག་ཙམ་གྱིས་མི་རིགས་ལས་དོན་གྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་བགྲོ་གླེང་གནང་བ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་གདེང་ཚོད་བརྟན་པོ་བཅངས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
ལོ་རྒྱུས་ཐོག་བོད་དང་མེས་རྒྱལ་ནང་སའི་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་མོ་བྱུང་ནས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཆགས་པ་དང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།འགོ་ཚུགས་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞི་ཚུགས་ཏེ། གནའ་དེང་གི་འགྱུར་ལྡོག་ལ་ཞིབ་བཤེར་དང་དུས་རབས་ཀྱི་རྣམ་པར་རྟོག་ཞིབ་གནང་སྟེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པའི་གསར་རྩོམ་རང་བཞིན་གྱི་ཆོད་གཏམ་གལ་ཆེན་བཏོན་གནང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བསམ་བློ་སྤེལ་རེས་ཀྱི་ཚོགས་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད་ཅེས་གསུངས་པ་རེད།
བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཀྲི་གོ་ཡིས་སྤྲོ་སྣང་ཆེན་པོས་གསར་འགོད་པར། ཚོགས་ཞུགས་འགོ་ཁྲིད་བློ་མཐུན་དང་རིགས་གཅིག་མཁས་ཅན་གྱི་ངོ་མཚར་ཆེ་བའི་གཏམ་བཤད་ཉན་རྗེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེ་མོ”དང“སློབ་ཚན་རྩེ་གྲ”འཚོགས་པའི་མྱོང་ཚོར་བྱུང་ལ་སློབ་གསོ་ཐེབས་པ་དང་བློ་སྒོ་ཡང་ཕྱེ་བྱུང་ཞེས་བརྗོད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་ཚོས“ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ཁག་ལྔ་ལ་དབྱེ་ཡོད། ལྟ་སྐོར་བར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་མྱོང་ཚོར་བྱུང་ཡོད།
“དུས་རབས་གསར་པའི་རྒྱང་ལམ་གསར་པར་བོད་ཀྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་གྱིས་བརྗོད།
བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲའོ་ཧྲུའུ་མིང་གིས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་ནི་རང་ལྗོངས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་དང་། རྣམ་པ་སྣ་ཚོགས་དང་། མྱོང་ཚོར་ཟབ་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་འགག་རྩའི་གཞི་རྟེན་ཞིག རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད་ཅེས་བརྗོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་བཏོད་པ་དང་། རྫོང(ཆུས)23རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)ལ་བཏོད་པ། ཚན་པ་53ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་བཏགས་པ་དང་ཚན་པ་8རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་བདམས་པ། མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ། མཉམ་སྡེབ་1944དང་མི་སྒེར་2857ལ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ། ཚན་པ(མི་སྒེར)668རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)དང་། དཔེ་བཟང་རྫོང(ཆུས)དཔེ་བཟང་ཚན་པ(མི་སྒེར)བཅས་ལ་བདམས་པ་རེད།
བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་འཐུས་མི་22ཀྱིས“ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རང་སོ་སོའི་རིག་གཞུང་ཞིབ་འཇུག་དང་། ལས་རིགས་ཁྱབ་ཁོངས། ལས་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་དང་ངོས་འཛིན་གླེང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པར་ཐབས་འདོན་ཇུས་འབུལ་དང་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མང་པོ་བཏོན་པ་རེད།
“ང་ཚོས་མི་རིགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་སྐྱོང་ཀྲོའུ་ཡི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་སྤེལ་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་པ། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ནས། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་མི་རིགས་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཱ་ཤིའུ་ལན་གྱིས་བརྗོད།
ཁྲིམས་སྐྱོང་གི་ཆེད་དོན་གླེང་སྟེགས་ཐོག་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》གི་ཁྲིམས་འཛུགས་ལག་ལེན་དང་ཁྲིམས་སྐྱོང་བགྲོད་ལམ་ཐོག་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་བསྡུར་གནང་བ་དང་། ལག་ལེན་གྱི་ཆེད་དོན་གླེང་སྟེགས་ཐོག“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་བསྡུར་གནང་བ། རིག་གཞུང་གི་ཆེད་དོན་གླེང་སྟེགས་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་གནང་ཞིང་། ཚང་མའི་ངོས་འཛིན་མཐོ་རུ་ཕྱིན་པ་དང་བསམ་བློ་གཅིག་གྱུར་བྱུང་བས། རང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་ངེས་རེད།
རྩོམ་སྒྲིག་པ། དབྱངས་ཅན།
中央部门网站
自治区部门网站
地(市)委部门网站
相关新闻网站