གྲ་སྒྲིག་ཨང་བསར་བྱས་ནས་དུས་སྟོན་གཟབ་རྒྱས་མཉམ་དུ་བསུ།

发布时间:2023年05月22日 文章来源:བོད་ལྗོངས་ཉེན་རེའི་ཚགས་པར།

ཉིན་ཤས་བསྟུད་མར། ལས་སྟེགས་སྣ་ཚོགས་སུ་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་མི་རིང་བར་གཉེར་རྒྱུའི་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་ཚུར་སྣང་ལན་ཆ་ཡང་ཆེན་པོ་བྱུང་བ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་དང་འགན་འཁུར་བས། བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཞིབ་ཚགས་ངང་བསྒྲུབས་ནས་སྤུས་ལེགས་ཀྱི་ཐོན་རྫས་ཁྱེར་ཏེ་འགྲེམས་ཚོགས་ནང་ཞུགས་རྒྱུ་མ་ཟད། རྣམ་གྲངས་དང་། ལག་རྩལ། མ་དངུལ། ཤེས་ལྡན་མི་སྣ་བཅས་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་ནས། ཚོང་འགུགས་མ་འདྲེན་ལ་བཀྲག་མདངས་འཚེར་ས་གསར་པ་བསྣན་ཏེ་རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་བསྟར་ཁུལ་འཛུགས་གཏོད་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

མངའ་རིས་ས་ཁུལ་ཚོང་དོན་ཅུས་ཏང་ཙུའུ་ཡི་ཁོངས་མི་མཁོ་འཚོང་ཁང་གི་ཀྲུའུ་རེན་ཐང་ཡིའུ་ཅུན་གྱིས། ད་ལོར་མངའ་རིས་ས་ཁུལ་གྱིས་ཁེ་ལས་སྒྲིག་འཛུགས་བྱས་ནས་གཟུགས་བརྙན་འགྲེམས་སྟོན(དམིགས་བསལ་གྱོན་ཆས་འགྲེམས་ཁང)དང་། རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་འགྲེམས་སྟོན། ཚད་ལྡན་འགྲེམས་སྟོན་བཅས་རིགས་གསུམ་གྱི་འགྲེམས་ཚོང་ནང་ཞུགས་རྒྱུ་ཡིན་པ་དང་། མིག་སྔའི་བར་ཁུ་ལུའི་ཐོན་རྫས་དང་། རྩམ་པའི་ཏེན་ཞིམ། གཏེར་ཆུའི་འཐུང་ཆུ། མི་རིགས་ལག་ཤེས་ཐོན་རྫས། ནུས་རྒྱུ་གཙང་མ། གནམ་རིག་ཐོན་རྫས་སོགས་རིགས་ཆེ་གྲས་བརྒྱད་ཀྱི་སྣ་ཁ་30ཙམ་དང་ཐོན་རྫས་ཁྱོན་ཁྲི་2.7ལྷག་ཙམ་འགྲེམས་ཚོང་ནང་ཞུགས་རྒྱུའི་གཏན་འཁེལ་རགས་ཙམ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འགྲེམས་ཚོགས་ནང་ཞུགས་རྒྱུར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་པའི་སྤུ་ཧྲེང་རྫོང་ཞི་བདེ་ནས་ཀྱི་ཡུལ་ཐོན་བཟའ་བཅའ་ཚད་ཡོད་ཀུང་སི་དང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་དཔལ་འབྱོར་མཉམ་ལས་ཁང་གཉིས་ཀྱང་མངའ་རིས་ས་ཁུལ་ནས་ཡིན་པ་དང་ཐོན་རྫས་ལ་ས་གནས་དེ་གའི་ཁྱད་ཆོས་ལྷག་པར་ལྡན། དེའི་ཁྲོད་ཞི་བདེ་ནས་ཀྱི་ཡུལ་ཐོན་བཟའ་བཅའ་ཚད་ཡོད་ཀུང་སིའི་སྐུལ་ཁྲིད་འོག སྤུ་ཧྲེང་རྫོང་ཡོངས་ཀྱིས་ནས་དཀར་མུའུ་3100ལྷག་ཙམ་བཏབ་པ་དང་མང་ཚོགས་དུད་ཁྱིམ་200ལྷག་ཙམ་ཞུགས་ཏེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་100བྱུང་སྟེ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཀྱང་ལེགས་སུ་ཆེས་ཆེར་སོང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་བསྟར་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

“ད་ལོའི་བོད་ལྗོངས་འགྲེམས་ཚོགས་ཐོག་འགྲེམས་ཁུལ་9དང་འགྲེམས་གནས་253བཙུགས་ཤིང་། འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་1.4ཟིན་ཏེ་སྐབས་སྔོན་མ་དང་བསྡུར་ན་ལྡབ་5ཙམ་འཕར་ཡོད”གྲངས་གཞི་དེ་དག་གླེང་སྐབས། ཆབ་མདོ་གྲོང་ཁྱེར་མདོ་ཁམས་ལེགས་རྫས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལྟེ་གནས་ཀྱི་ཏུང་ཧྲི་ཀྲང་བློ་བཟང་བསྟན་པས་དགའ་ཚོར་ཆེན་པོས“དེ་ནི་འགྲེམས་སྟོན་བྱེད་སའི་གར་སྟེགས་འཐོབ་དཀའ་བ་ཞིག་རེད། ད་ལོ་ནི་ང་ཚོ་བོད་ལྗོངས་འགྲེམས་ཚོགས་ནང་ཞུགས་ཐེངས་ལྔ་པ་ཡིན་པ་དང་། ང་ཚོ་ནི་བོད་ལྗོངས་འགྲེམས་ཚོགས་ནང་ཞུགས་མཁན་ཞིག་ཡིན་ལ་དཔང་པོའང་བྱེད་མཁན་ཞིག་ཀྱང་ཡིན། ལོ་ངོ་འདི་དག་རིང་། བོད་ལྗོངས་འགྲེམས་ཚོགས་ཀྱི་ཡར་རྒྱས་དང་བོད་ཀྱི་འཕེལ་རྒྱས་མགྱོགས་པོ་འགྲོ་ལུགས་དངོས་སུ་ཚོར་བྱུང་། བོད་ལྗོངས་འགྲེམས་ཚོགས་ཀྱི་ལོ་རེའི་ཐོན་རྫས་འབྲེལ་སྦྱོར་དང་ཕྱིར་འཚོང་གྲངས་འབོར་ཡང་རྒྱུན་ཆད་མེད་པར་འཕར་བ་དང་། འཛད་སྤྱོད་པའི་ཚོགས་སྤྱིའང་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ཉོ་སྒྲུབ་ནུས་པའང་རྒྱུན་མཐུད་ངང་འཕེལ་ཡོད། བོད་ལྗོངས་འགྲེམས་ཚོགས་བརྒྱུད་ནས་ཆབ་མདོའི་ཁྱད་ལྡན་ཐོན་རྫས་གྲགས་ཅན་དང་རྩེ་གྲར་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་པ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་སོང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་རིམ་གྱིས་མང་དུ་སོང་ཞིང་། དུས་རབས་གསར་པའི་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་ཡོད། ད་ལོའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཆབ་མདོའི་འགྲེམས་སྟེགས་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་མེ་ཏོག་མཚོ་མོས“2013ལོར་འགྲམ་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་ནི་མེ་ཏོག་ལ་ཡར་རྒྱས་ཆེན་པོ་འགྲོ་བའི་འགོ་ཚུགས་ས་ཡིན། ད་ལོ་ནི་འགྲམ་ནས་མེ་ཏོག་བར་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་ལོ་ཡིན་ལ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དང་ཏག་ཏག་འཁེལ་བས། བོད་ལྗོངས་འགྲེམས་ཚོགས་ལྟ་བུའི་རྒྱལ་སྤྱི་ཅན་གྱི་སྐར་ཁུང་བརྒྱུད་ཕྱི་ཕྱོགས་ལ་ལོ་ངོ་བཅུའི་རིང་གི་མེ་ཏོག་རྫོང་གི་འཕོ་འགྱུར་ཆེན་པོ་གླེང་བ་དང་། མེ་ཏོག་རྫོང་གི་དེང་རབས་ཅན་གྱི་ཉམས་བཟང་ངོམ་ནས་ངེད་ཚོའི‘སྦས་ཡུལ་པད་མ་བཀོད’ལ་མི་དེ་བས་མང་བས་དོ་ཁུར་བྱེད་པའི་རེ་བ་ཡོད”ཅེས་བརྗོད་པ་རེད། 

རྩོམ་སྒྲིག་པ། ཡེ་ཤིས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com