ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་ཚོས་དམངས་དོན་དམངས་གྲོས་མཐའ་འཁྱོངས་བྱས་ནས། མང་ཚོགས་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཐབས་བཟང་བཏོན་པ།

发布时间:2023年05月22日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

མང་ཚོགས་གྲོས་མོལ་གྲོས་བསྡུར་བྱེད་སྒོར་ཞུགས་པར་སྟབས་བདེ་སྐྲུན་ཆེད། ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་ཏང་ཨུད་ཀྱི་མཛུབ་ཁྲིད་འོག སྤྱི་མདའ་གྲོང་ཚོས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་། བོད་ཟས་མཉམ་ལས་ཁང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་བྱེད་སྒོ་ལྟེ་གནས་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་དམངས་གཙོའི་དོན་གྲོས་གླིང་ཁ་དང་། དམངས་གཙོའི་དོན་གྲོས་ཇ་ཁང་། དམངས་གཙོའི་དོན་གྲོས་ཚོགས་ཁང་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་དམངས་གཙོའི་གྲོས་མོལ་དང་དོན་གྲོས་བྱ་ཡུལ་བཏོད་དེ། གྲོས་མོལ་དང་དོན་གྲོས་ཚོགས་འདུ་ཞིང་འབྲོག་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་དང་རྒྱུན་གཏན་གྱི་འཚོ་བའི་ཁྲོད་འཚོགས་ནས“དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་བྱེད་པ་དང་དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱེད་པ”དེ་ཚང་མའི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བར་བྱས་པ་རེད།

སྤྱི་མདའ་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་དམངས་གཙོའི་དོན་གྲོས་ཚོགས་ཁང་དུ་སྐྱོད་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་སྡེབ་སློབ་སྦྱོང་བྱེད་བཞིན་འདུག ཚེ་རིང་གིས། སློབ་སྦྱོང་ལ་བརྩོན་པ་བྱས་ཚེ་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་གཞི་ནས་དུས་བབ་ཀྱི་རྗེས་ཟིན་ཐུབ་པ་དང་། གཞི་ནས་གྲོང་ཚོ་ཡོངས་ཀྱི་ཡུལ་མིའི་སྣེ་ཁྲིད་དེ་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད།

ཚེ་རིང་གིས། སྤྱི་མདའ་གྲོང་ཚོས་དམངས་གཙོའི་དོན་གྲོས་ཀྱི་དཔེ་སྟོན་གྲོང་ཚོ་གཏོད་རིང་། ཉེ་བཅར་དང་། འདྲ་མཉམ། སྒོ་དབྱེ། མཉམ་སྤྱོད། བློ་སྒོ་འབྱེད་པ། བརྩི་འཇོག་བཅས་ཀྱི་དོན་གྲོས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་དམངས་གཙོའི་གྲོས་མོལ་དང་དོན་གྲོས་ཀྱི“སྤྱི་མདའི”བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་བེད་སྤྱོད་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། ཁྱིམ་མཚེས་དབར་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད། དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོར། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཚང་མ་ཡུལ་མིའི་འཐུས་མིའི་ཚོགས་འདུར་གྲོས་བསྡུར་དང་བརྡས་ཐག་གཅོད་རྒྱུར་ཕུལ་ནས་ཡུལ་མིའི་ཐབས་ཇུས་དྲང་གཞག་དམངས་གཙོ་དང་ཡོངས་བསྒྲགས་ཁ་གསལ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

སྤྱི་མདའ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་དོན་དམངས་ཀྱིས་གྲོས་བསྡུར་དང་། དམངས་དོན་དམངས་ཀྱིས་སྒྲུབ་པ། དམངས་དོན་དམངས་ཀྱིས་དོ་དམ་བྱེད་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གྲོང་ཚོའི་འཕེལ་རྒྱས་ཁྲོད་ཞུགས་པའི་ཚང་མའི་སྤྲོ་སེམས་འཕེལ་བར་བྱས་པ་དང་། ལས་དོན་དང་བྱེད་སྒོ་ཁག་སྤེལ་རིང་སྔོན་ཐོན་དུད་ཚང་གིས་བར་གནས་དུད་ཚང་ལ་སྐུལ་ཁྲིད་དང་བར་གནས་དུད་ཚང་གིས་རྗེས་ལུས་དུད་ཚང་ལ་སྐུལ་ཁྲིད་བྱས་ནས་མི་ཚང་མས་སྔོན་ཐོན་བརྩོན་ལེན་ནང་ཞུགས་ཏེ་ཡུལ་སྲོལ་ཤེས་དཔལ་ལྡན་ཞིང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

ད་ཆ་སྤྱི་མདའ་གྲོང་ཚོར་དམངས་གཙོའི་དོན་གྲོས་དེ་གོམས་སྲོལ་ཞིག་ཏུ་གྱུར་ཡོད། མི་ཀུན་ལ“དོན་ཆེན་དང་དོན་ཆུང”ཚང་མར་ཞུགས་དབང་དང་གནས་ཚུལ་ཤེས་རྟོགས་བྱེད་དབང་ཡོད་པ་མ་ཟད། ལྟ་སྐུལ་བྱེད་དབང་ཡང་ཡོད་པ་རེད། ཡུལ་མི་ཀུན་གྱི་ཐུན་མོང་འབད་བརྩོན་འོག་2022ལོར་སྤྱི་མདའ་གྲོང་ཚོའི་ཡུལ་མི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་28000ལྷག་ཙམ་ཟིན་ཡོད།  

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།


微信

抖音

邮箱

邮箱地址:xzwxbjb@sina.com