ཟླ་5ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། བོད་ལྗོངས་ཇོ་མོ་གླང་མའི་ལོ་ཆུང་མཉམ་གཞས་ཚོགས་པའི་བྱིས་པ་དག་གི་གླུ་སྒྲའི་ཁྲོད་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི(གཤམ་དུ་བོད་ལྗོངས་འགྲེམས་ཚོགས་ཞེས་བསྡུ་རྒྱུ)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་དངོས་སུ་འགོ་ཚུགས་པ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འགོ་ཚུགས་པ་དང་། ཚོགས་ཞུགས་མི་སྣས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་བརྗོད་དོན་གཙོ་བོའི་པར་གཞི《བོད་ཀྱི་འདུ་འཛོམས》ཞེས་པ་མཉམ་དུ་བལྟས་ཤིང་། པར་གཞི་དེས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ལྔའི་ཐད་ནས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་དང་མི་ཆོས་རིག་གནས་ཀྱི་ཡུལ་ལྗོངས་མྱོང་ཚོར་བྱས་པ་དང་། བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
བོད་ལྗོངས་འགྲེམས་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་གསེར་གྱི་མིང་བྱང་ལྟ་བུ་ཡིན་ལ། རང་ལྗོངས་ཀྱི་གལ་འགངས་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་རྩེར་སོན་ཞིག་ཀྱང་ཡིན།
དེ་སྔོན་སྐབས་4གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་དཔགས་རྟོགས་དཔྱོད་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་གྲ་སྒྲིག་བྱས་ནས་གཉེར་རྒྱུ་དེ་འདི་ལོའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད།
ད་ཐེངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་མཁན་ཚན་པ་དང་སྨྱན་སྦྱོར་ཁྱོན་57དང་མི་100ཙམ་ཡོད་ཅིང་། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ལག་བསྟར་ཨུ་ལྷན་གཞུང་ལས་ཁང་དང་། འགོ་ཚུགས་མཛད་སྒོའི་ཚོགས་ཆུང་། གླེང་སྟེགས་ཚོགས་ཆུང་། ཡུལ་སྐོར་འོས་སྦྱོར་ཚོགས་ཆུང་། འགྲེམས་སྟོན་ངོམ་སྟོན་ཚོགས་ཆུང་། ཐོན་རྫས་འགྲེམས་ཚོང་ཚོགས་ཆུང་། ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་ཆུང་། དྲ་ཐོག་གཞུང་ལས་ཚོགས་ཆུང་། དྲིལ་བསྒྲགས་ཚོགས་ཆུང་སོགས་སྣེ་ཁྲིད་ཚན་པ་ཁག་གི་འབྲེལ་ཡོད་ལས་དོན་མི་སྣ་སླེབས་པ་མ་ཟད། བོད་དུ་བཅའ་སྡོད་ཀྲུང་དབྱང་གི་གསར་འགྱུར་ཚན་པ་དང་ལས་རིགས་སྡེ་ཚན་གྱི་སྨྱན་སྦྱོར་ཚན་པ་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་ད་ཐེངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་གནས་ཚུལ་སྤེལ་གཏོང་བྱས་པ་རེད།
“ཚོང་འགུགས་མ་འདྲེན་ཐད། བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་རིག་གནས་ཡུལ་སྐོར་མཉམ་ལས་དང་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་མཐའ་འཁྱོངས་བྱས་ཏེ། ཕྱི་ཕྱོགས་མཉམ་ལས་སྤེལ་རེས་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད”ཅེས་གསར་འགྱུར་མགྲིན་ཚབ་པས་བཤད་ཅིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལེགས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དེ་འདི་ལོའི“འདུ་འགོད་ཨང་དང་པོར”བརྩིས་ནས་ཇུས་འགོད་དང་སྐུལ་འདེད་གཏོང་གི་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས“ལེགས་ཤོས་ལ་དམིགས་པ། གནད་དོན་གྱི་སྟོན་ཕྱོགས། གཙོ་གནད་ཚད་བརྒལ། བརྒྱུད་རིམ་ལྡན་པར་དོན་འཁྱོལ”བཅས་ཀྱི་རྩ་དོན་ལྟར་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གཏོད་ཀྱི་ཡིན་ཞེས་ཀྱང་བཤད་པ་རེད།
“སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བོད་ལྗོངས་ཡུལ་སྐོར་ཚོང་གཉེར་ཁྱབ་གདལ་ཚོགས་ཆེན་ཐོག་ང་ཚོས་ཚན་རིག་གི་ཤེས་བྱ་དང་། རྒྱུ་རྐྱེན། ལག་རྩལ་བཅས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ནང་མཉམ་འདྲེས་བྱེད་རྒྱུ་ཡིན་ལ། རང་བྱུང་གི་གསང་བ་འཚོལ་ཞིབ་དང་ཚན་རིག་ཤེས་བྱ་འཐོབ་པའི་བརྒྱུད་རིམ་གྱི‘ཚན་རིག་ཡུལ་སྐོར’གྱི་ལྟ་ཚུལ་གསར་པ་འདོན་རྒྱུ་ཡིན། གཞན་ཡང་། ད་དུང་གཙོ་གནད་ཐོག་G219བོད་ཀྱི་དུམ་བུའི་ཡུལ་སྐོར་ཐོན་རྫས་ཀྱང་འདོན་རྒྱུ་ཡིན”ཞེས་གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་རེད།
ད་ཆ་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་འགོ་ཚུགས་པར་ད་དུང་ཟླ་གཅིག་ཙམ་ཡོད་ཅིང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཇུག་འགྲིལ་རྗེས་ལས་དོན་མི་སྣས། བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། གྲ་སྒྲིག་ཧུར་ཐག་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ལས་དོན་ཁག་ཡག་པོ་བསྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན་
中央部门网站
自治区部门网站
地(市)委部门网站
相关新闻网站