རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཤང་གྲོང་དར་སྤེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

发布时间:2023年05月15日 文章来源:བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།

རྫོང་ཁོངས་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་རྩ་བའི་ས་ཁོངས་སྡེ་ཚན་ཞིག་ཡིན་ལ། རྒྱལ་དམངས་དཔལ་འབྱོར་ཡོངས་ཀྱི་ལྟེ་བའི་གྲུབ་ཆ་དང་། དེ་བས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པའི་རྨང་གཞིའི་ལས་གྲྭ་ཞིག་ཀྱང་ཡིན། སྨྱུག་འཛིན་པའི་བསམ་པར། མིག་སྔ་ནི་ལྷ་ས་གྲོང་ཁྱེར་འདི་ཉིད་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་གལ་ཆེའི་དུས་ཚིགས་ཤིག་ཡིན་པས། དེར་ཆེས་ལེགས་པའི་གོ་སྐབས་ལྡན་ཡོད་ལ་ཆེས་ཆེ་བའི་འགྲན་སློང་ཡང་ལྡན་ཡོད། དམིགས་འབེན་དང་འོས་འགན་གསལ་ཞིང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་ལ་ལས་ཀའི་བསམ་བློ་གསར་བ། འཕེལ་རྒྱས་ཀྱི་ནུས་ཤུགས་གནད་དུ་འཁེལ་བ་བཅས་བྱས་ཏེ། རྫོང་ཁུལ་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཤང་གྲོང་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཐོན་ལས་ནི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན། འཕེལ་རྒྱས་ཀྱི་ལྟ་བ་གསར་པ་ལག་བསྟར་གཏིང་ཟབ་བྱེད་དགོས་ན། དོན་ངོ་མའི་ཐོག་ནས“སྒུག་བརྟེན་སློང”གསུམ་གྱི་བསམ་བློར་འགྱུར་བ་གཏོང་དགོས་པ་དང་།  སྟོབས་ཤུགས་གཅིག་སྡུད་ཀྱིས་རྣམ་གྲངས་དང་ཐོན་ལས་དམ་འཛིན་བྱེད་དགོས། སྣོད་བཅུད་ཐོན་ལས་དང་སྔོ་ལྗང་ཐོན་ལས་གཙོ་བོར་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག  རང་ངོས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལེགས་ཆའི་ཁ་ཕྱོགས་དང“ལོ་ལྔ་ཚན་བཅུ་གསུམ”པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་དམིགས་ནས། ཕན་ཚུན་ཁ་ཕྱོགས་མཐུན་པའི་ཐོན་ལས་སྐྱེད་སྲིང་དང་ཇུས་འགོད་བྱས་ཏེ། ཁྱད་ལྡན་གྱི་ས་ཁུལ་ཐོན་ལས་མ་ལག་ཆགས་པ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྔར་ལས་ལྷག་པའི་སྒོ་ནས་གསར་གཏོད་འཕེལ་རྒྱས་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཅན་གྱི་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཐོན་ལས་ཁུལ་དང་འབྲེལ་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཧུར་ཐག་ངང་དམངས་གཉེར་ཚན་རྩལ་ཁེ་ལས་གསོ་སྐྱོང་བྱས་ནས་རོགས་སྐྱོར་གྱི་ཚད་གཞི་ཤུགས་ཆེར་གཏོང་དགོས། དེ་ལྟར་བྱས་ཚེ་ལག་རྩལ་གསར་པའི་ཁེ་ལས་དང་དམངས་གཉེར་ཚན་རྩལ་ཁེ་ལས་རྫོང་ཁོངས་དཔལ་འབྱོར་ཚན་རྩལ་ཅན་དུ་འཕེལ་རྒྱས་འགྲོ་བའི་ནུས་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ངེས།

སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས། འགྲིམ་འགྲུལ་དང་།གློག་ཤུགས། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། ཆ་འཕྲིན་སོགས་གལ་ཆེའི་དམངས་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་དམིགས་ནས། ཤང་གྲོང་འཆར་འགོད་བརྟན་དུ་གཏོང་བ་དང་། ཤང་གྲོང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སོགས་ཀྱི་གནད་དོན་ཆད་གསབ་ལ་ཤུགས་སྣོན་རྒྱག་དགོས། རྫོང་ཁོངས་བཅོས་སྐྱོང་ལ་དམ་འཛིན་དང་ཏན་ཏིག་ངང་བཅོས་སྐྱོང་འགན་འཁྲི་དོན་འཁྱོལ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་དགོས། ཧུར་ཐག་ངང་རྫོང་ཁོངས་བརྒལ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་དང་ལྟེ་བའི་གྲོང་ཁྱེར་དེ་བཞིན་ཁུལ་གཞན་དབར་གྱི་ཕན་ཚུན་ཆད་གསབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་ཆད་མེད་པར་རྫོང་ཁོངས་ཀྱི་ཁྲོམ་རའི་བར་མཐོངས་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས།(མཆོག་སྐྱིད།)


微信

抖音

邮箱

邮箱地址:xzwxbjb@sina.com