བྱིས་དུས་སྐྱོང་མཁན་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། “རྒན་བྱིས་གཉིས”ཀྱི་ལས་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་ལ། དམངས་འཚོའི་བདེ་རྩར་ཡང་འབྲེལ་བ་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་དང་བཀོད་སྒྲིག་ལེགས་པོ་བྱས་ཏེ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྒན་རྒོན་དེ་བས་མང་བས་དྲོ་སྐྱིད་དང་། བློ་བདེ། སེམས་རྩ་འཁོལ་བ་བཅས་ཀྱི་ཞབས་འདེགས་ལོངས་སྤྱོད་ཐུབ་པར་བྱས་པ་རེད།
ཉིན་ཤས་གོང་། ཁྲེང་ཀོན་ཆུས་བྷོ་གཡང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་ཀྱི་ལས་དོན་མི་སྣས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ་བསྐྱོད་དེ། སྡེ་ཁུལ་དེའི་རྒན་རྒོན་ཚོར་ལྟོ་བཟོ་བ་དང་། གཙང་སྦྲ་བྱེད་པ། སྨན་བཅོས་བྱེད་པ། གཟུགས་པོ་འཁྲུད་བ། སེམས་ཁྲལ་སེལ་བ་བཅས་ཀྱི་ཆེད་ལས་ཞབས་འདེགས་ཞུས་པ་རེད།
ལས་དོན་མི་སྣས་རྒན་རྒོན་གྱི་རྐང་པ་བཀྲུ་བ་དང་། འཕུར་མཉེད་བྱེད་པ། སྐྲ་ཤད་པ། སེན་མོ་འབྲེག་པ་སོགས་བྱས་པ་མ་ཟད། ཁོང་ཚོའི་གཟུགས་པོར་ཚ་བ་ལྟ་བ་དང་ཁྲག་ཤེད་འཇལ་བ་སོགས་བྱས་ཡོད། ལས་དོན་མི་སྣས་རྒན་རྒོན་ལ་ཞབས་འདེགས་ཞུ་བ་དང་ཆབས་ཅིག རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས། ངང་རྒྱུད་རིང་པོས་རྒན་རྒོན་གྱི་དགོས་མཁོ་དྲིས་ལ། བྱང་ཆུབ་པའི་ཞབས་ཞུ་ལས་དྲོ་སྐྱིད་ལྡན་པའི་ཚོར་བ་ཞིག་བསྐྲུན། ཁོང་ཚོས་རྒན་རྒོན་ལ་རྒྱུན་གཏན་གྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་དང་ཆབས་ཅིག ལས་བྲེལ་ཆེ་བའི་རྐྱེན་གྱིས་རང་ཁྱིམ་གྱི་རྒན་རྒོན་ལ་ལྟ་རྟོག་བྱེད་ཁོམ་མེད་པའི་བུ་ཕྲུག་གི་ཁུར་པོ་ཡང་དུ་བཏང་ནས་རྒན་རྒོན་ལ་གཉེན་ཉེ་ལྟ་བུའི་དྲོ་སྐྱིད་སྦྱིན་པ་རེད།
2020ལོར་ཁྲེང་ཀོན་ཆུས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་བྱེད་ཐབས་བརྒྱུད་བར་སྐོར་ཁྲོམ་གཞུང་དང་། རྗེ་འབུམ་སྒང་ཁྲོམ་གཞུང་། སྐྱིད་རས་ཁྲོམ་གཞུང་བཅས་ཁྲོམ་གཞུང་གསུམ་གྱི་སྡེ་ཁུལ་15ཡི་ལོ་60ཡན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། མི་ཧྲེང་རྒན་རྒོན། གཞིས་སྲུང་རྒན་རྒོན་སོགས་ལ་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་ཞུས་ཡོད་པ་རེད།
རྣམ་གྲངས་དེ་རྩིས་ལེན་མཁན་གྱི་ཕྱོགས་གསུམ་པའི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པའི་ཁྲེང་ཀོན་ཆུས་བྷོ་གཡང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་ཀྱི་ལས་དོན་མི་སྣས། དུས་བཀག་ལྟར་རྒན་རྒོན་གྱི་ཁང་པར་གཙང་སྦྲ་བྱེད་པ་དང་རྒན་རྒོན་ལ་གཙང་སྦྲ་ཡག་པོ་བྱེད་རོགས་སོགས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་རྒན་རྒོན་ཚོས་སྨན་པ་བསྟེན་དགོས་པ་དང་ལྟོ་ཆས་གང་ཞིག་བཟའ་འདོད་ཡོད་ཚེ་མཐུན་ཚོགས་ཀྱི་ལས་དོན་མི་སྣས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་ཚོའི་འདོད་བློ་སྐོང་གི་ཡོད་པ་རེད།
“ཁོང་ཚོར་དགོས་མཁོ་ཡོད་ཚེ་ང་ཚོ་འཕྲལ་མར་དེ་གར་སྐྱོད་ཀྱི་ཡོད་ལ། དུས་རྒྱུན་ཡང་ཁོང་ཚོ་རང་ཉིད་ཀྱི་ཕ་མར་བརྩིས་ནས་བསྙེན་བཀུར་ཞབས་ཏོག་བྱེད་ཀྱི་ཡོད”ཅེས་ཁྲེང་ཀོན་ཆུས་བྷོ་གཡང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་ཀྱི་ལས་དོན་མི་སྣ་བཀྲ་ཤིས་སྒྲོལ་མས་བརྗོད།
ད་ལོར་ལོ་68ལ་སླེབས་པའི་སྤོ་བོ་འཇམ་དབྱངས་བློ་གྲོས་ནི་དཔལ་གླིང་སྡེ་ཁུལ་གྱི་མི་ཧྲེང་རྒན་རྒོན་ཞིག་ཡིན་ཞིང་། ཁྱིམ་གྱི་སྒོ་ཕྱེ་སྐབས་ཁང་པའི་ནང་གཙང་ཐིང་ཐིང་ཡོད་པ་དང་། བགྲེས་སོང་ཁོང་གིས་ཇ་འཐུང་གིན་བརྙན་འཕྲིན་ལ་ལྟ་བཞིན་འདུག
གཙང་སྦྲ་ལྡན་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་སྐོར་གླེང་སྐབས། བགྲེས་སོང་ཁོང་གིས་འདི་ནི་ཉེ་བའི་ལོ་གཉིས་རིང་སྡེ་ཁུལ་གྱིས་ཁྱབ་གདལ་བཏང་བའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་དང་ཁ་འབྲལ་ཐབས་མེད། “སྐྲ་བཀྲུ་བ་དང་། གཙང་སྦྲ་བྱེད་པ། གྱོན་གོས་འཁྲུད་པ་སོགས་ཀྱི་ལས་ཀ་ཕུད་ས་གདན་ཡང་ལས་དོན་མི་སྣས་བཀྲུ་རོགས་བྱེད་ཀྱི་ཡོད། ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
ཁྲེང་ཀོན་ཆུས་བྷོ་གཡང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་བཙུགས་ཚུན། རིམ་རྩིས་བྱས་ན་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་15ཡི་རྒན་གསོའི་ཞབས་ཞུ་བྱ་ཡུལ་471ལ་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་ཞུས་ཡོད་པ་རེད།
མཐུན་ཚོགས་ཀྱི་ལས་དོན་མི་སྣས་ཞབས་ཞུ་བྱ་ཡུལ་མི་རེ་ངོ་རེར་ཕྱོགས་གང་ས་ཅི་ཐད་ནས་སེམས་ཁུར་ཆེན་པོ་བྱས་པས། མི་ཧྲེང་དང་། གཞིས་སྲུང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་བཅས་ཀྱི་རྒན་རྒོན་471གི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
“ང་ཚོའི་མཐུན་ཚོགས་ཀྱིས་ཞབས་ཞུའི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒན་རྒོན་གྱི་དགོས་མཁོ་དང་བསམ་འཆར་མང་ཙམ་ཉན་པ། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བཅས་བྱས་ནས་རྒན་རྒོན་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་རྒྱུ་ཡིན”ཞེས་ཁྲེང་ཀོན་ཆུས་བྷོ་གཡང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་ཀྱི་ལས་དོན་མི་སྣ་སྐལ་བཟང་ཆོས་ལྡན་གྱིས་བརྗོད།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན་
中央部门网站
自治区部门网站
地(市)委部门网站
相关新闻网站