ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོར་མི་རྣམས་ཀྱིས་རྗེས་དྲན་དང་སློབ་སྦྱོང་བྱེད་དང་བྱེད་མུས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་རྣམ་པས་ཕྱུག་པའི་རྟེན་གཞི་ཞིག་ཡོད། དེར་རྒྱ་རིགས་གཞོན་ནུ་ཤེས་ཡོན་ཅན་དང་ཡུལ་དེ་གའི་ཞིང་པ་མང་ཚོགས་རྣམས་ཀྱིས་འཕྱར་བ་གྲུ་འདེགས་ཐོག་འཕེལ་རྒྱས་ཀྱི་ཆེད་དུ་འབད་འབུངས་བྱས་པའི་དྲན་གསོ་ཡོད་ལ། བོད་སྐྱོད་པ་རྒན་གྲས་རྣམས་ཀྱི་དཀའ་བ་སྤྱོད་ཕོད་པ་དང་། འཐབ་འཛིང་བྱེད་ནུས་པ། སྡུག་རུས་བྱེད་ཐུབ་པ། མཐུན་སྒྲིལ་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ནུས་པ་བཅས་ཀྱི་སྙིང་སྟོབས་དང་བློ་གྲོས་མཚོན་པའི་ངོ་མཚར་གྱི་གཏམ་རྒྱུད་དུ་མ་ཐོས་རྒྱུ་ཡོད། གཏམ་རྒྱུད་དེ་དག་ནི་ལྷ་སྒྲུང་ཙམ་མ་ཡིན་པར་ས་གནས་དེ་གར་དངོས་སུ་བྱུང་བའི་གཏམ་རྒྱུད་དྲོན་མོ་ཤ་སྟག་ཡིན་ལ། ས་གནས་དེ་ཡང་ལྷ་སྒྲུང་ཁྲོད་ཀྱི་དངོས་མིན་གྱི་ས་ཆ་ཞིག་མ་ཡིན་པར་ས་གནས་དེ་གའི་རྒན་རབས་པ་རྣམས་ཀྱིས་བརྒྱུད་མྱོང་ལ་ད་ལྟའི་རྗེས་རབས་རྣམས་ཀྱིས་གནས་ཤུལ་མཐོང་ཐུབ་པའི་ལོ་རྒྱུས་ཀྱི་དཔང་པོ་གསོན་པོ་ཞིག་རེད། དེ་ནི་ཉེ་དུས་རྗེས་རབས་རྣམས་ཀྱིས་སློབ་སྦྱོང་དང་དྲན་གསོ་བྱེད་མུས་ཀྱི་ལྷུན་གྲུབ་ཞིང་ར་ཡིན།
ལྷུན་གྲུབ་ཞིང་ར་ནི་སྤྱི་ལོ་1966ལོར་སྐྲུན་པ་དང་། ལྷུན་གྲུབ་ཞིང་ར་དེ་དང་ཐོག་བོད་ལྗོངས་དམག་ཁུལ་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། 1988ལོ་ནས་ལྷུན་གྲུབ་ཞིང་ར་དང་འཕན་པོ་ཞིང་ར་གཉིས་ལྷུན་གྲུབ་རྫོང་གི་ཁོངས་སུ་འགྱུར་བ། དེ་ནས་ལྷུན་གྲུབ་ཞིང་ར་དེ་ཉིད་ལྷུན་གྲུབ་རྫོང་བྱང་ཁ་ཤང་ལ་བེད་སྤྱོད་བྱེད་དབང་སྤྲད། དེང་སྐབས་ལྷུན་གྲུབ་ཞིང་རར་སྔོན་གྱི་ཚོགས་ཁང་དང་།ཤེས་ལྡན་མི་སྣའི་ཉལ་ཁང་། སྦྲགས་སྲིད་ཚོང་ཁང་སོགས་འཛུགས་སྐྲུན་དངོས་པོ་བདུན་ཙམ་མཐོང་རྒྱུ་ཡོད་ལ། ད་དུང་ལོ་རྒྱུས་ཀྱི་དཔང་པོ་ལེགས་ཤོས་སུ་གྱུར་བ་ནི་ཡུལ་དེ་གའི་མང་ཚོགས་དང་རྒྱ་རིགས་གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱི་དཀའ་སྤྱད་འབད་འཐབ་ཐོག་བསྐྲུན་པའི་སྟག་མགོ་ཆུ་མཛོད་དེ་རེད། ཆུ་མཛོད་དེས་ཡུལ་དེ་གའི་ས་ཞིང་ལེགས་འདེབས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། གོང་རིམ་འབྲེལ་ཡོད་སྲིད་གཞུང་གིས་ཆེས་ལེགས་པའི་ཐོག་ནས་ལྷུན་གྲུབ་ཞིང་རར་སྲུང་སྐྱོབ་བྱ་ཆེད། 2009ལོར་ལྷུན་གྲུབ་ཞིང་རའི་གནས་ཤུལ་དེ་ཉིད་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས། ཕྱིས་སུ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཉར་ཚགས་ལེགས་པོ་ཐུབ་པའི་ས་ཕུག་དག་ཉམས་གསོ་དང་སྲ་བརྟན་བཏང་ནས། གསར་དུ་རིག་གནས་ཐང་ཆེན་དང་ཟ་ཁང་། ལམ་བུ། རླངས་འཁོར་འཇོག་ས་སོགས་བསྐྲུན་ཏེ་ད་ཆ་ཏང་གཤིས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལྟེ་གནས་དང་རྒྱལ་གཅེས་ཡུལ་སྐོར་གཅིག་མཐུན་གྱི་གནས་ཤིག་ཏུ་གྱུར་ཡོད།
ད་ལྟའི་ལྷུན་གྲུབ་ཞིང་རའི་ནང་གི་གཙང་སྦྲ་བྱེད་མི་དང་། བདེ་སྲུང་མི་སྣ། འགྲེལ་བཤད་མི་སྣ་སོགས་ལས་མི་མང་ཆེ་བ་ནི་ས་གནས་དེ་གའི་མི་ཡིན། ཞིང་རའི་བདེ་སྲུང་མི་སྣ་ཕུར་བུ་ནི་ས་གནས་དེ་གའི་མི་ཡིན་པ་དང་ཆུང་དུས་ནས་ཞིང་རའི་རྣམ་པ་མཐོང་མྱོང་ལ། རྒན་རབས་པ་རྣམས་ཀྱི་ཁྲོད་ནས་ཞིང་རའི་ལོ་རྒྱུས་ཐོས་མྱོང་བ་དང་། རྒན་རབས་པ་རྣམས་ཀྱིས་རྒྱ་རིགས་གཞོན་ནུ་ཤེས་ཡོན་ཅན་རྣམས་ལ་བཅངས་པའི་བརྩེ་སེམས་ཡང་མྱོང་ཚོར་ཐུབ་མྱོང་བའི་མི་ཞིག་རེད། ཁོང་གིས“ང་ཞིང་རའི་ནང་ལས་ཀར་སླེབས་ནས་རང་ཉིད་ཀྱི་འཚོ་བའི་ཐད་འགྱུར་བ་ཆེན་པོ་བྱུང་། སྔོན་ཆད་རང་ཉིད་ཀྱི་བཟའ་ཟླར་ནད་གཞི་ཕོག་ནས་འཚོ་བའི་ཐད་དཀའ་ངལ་ཆེན་པོ་འཕྲད་བྱུང་། དེ་རྗེས་ཞིང་རའི་ནང་ལས་ཞུགས་ཐུབ་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་རང་ཉིད་ཀྱི་བུ་གཉིས་ལ་ད་ལྟ་ཟ་ཁང་བཙུགས་ནས་འཚོ་བའི་ཐད་སེམས་ཁྲལ་སྤུ་ཙམ་ཡང་མེད། དེ་བས་ང་རང་འདིར་ལས་ཀར་ཡོང་བ་ནི་དངུལ་ཁོ་ནའི་ཆེད་དུ་མ་ཡིན་པར་འདི་གར་བརྩེ་དུང་དང་དགའ་སེམས་ཡོད་པས་ཡིན། མ་གཞི་འདི་གར་ངའི་ལས་འགན་ནི་བདེ་སྲུང་ཡིན་ཡང་ངས་འདི་ག་རང་གི་ཁྱིམ་ཚང་དུ་བརྩིས་ནས་རང་འགུལ་ཐོག་མེ་ཏོག་འདེབས་པ་དང་། ལྕང་མ་འཛུགས་པ། རྩྭ་ངན་འགོག་པ། གཙང་སྦྲ་བྱེད་པ་སོགས་ལས་ཀ་གང་རུང་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ང་རང་གིས་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ཅུང་ཟད་བྱེད་ཐུབ་པས་སེམས་པ་ཧ་ཅང་གིས་དགའ་པོ་འདུག”ཅེས་བཤད། ཁོང་དང་ཁོང་ལྟ་བུའི་ས་གནས་དེ་ག་ནས་ཡིན་པའི་ལས་མི་རྣམས་ནི་ཡོང་འབབ་ཁོ་ནའི་ཆེད་དུ་མ་ཡིན་པར་དེ་གར་བརྩེ་སེམས་དང་ཞེན་ཆགས་ཡོད་པས་ཡིན། ཁོང་ཚོས་ས་གནས་དེ་ག་ནས་རང་ཉིད་ཀྱི་མེས་པོའི་ཞབས་རྗེས་མྱུལ་བ་དང་མག་མོག་དུ་གྱུར་བའི་མེས་པོའི་ཞབས་རྗེས་རྣམས་ཇེ་གསལ་དུ་གཏོང་བཞིན་ཡོད། (ཟླ་སྒྲོན།)
中央部门网站
自治区部门网站
地(市)委部门网站
相关新闻网站