རང་ལྗོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ལས་ཁེ་ལས་བརྟན་པོའི་ངང་འཕར་བ་དང་། སྐྱོན་བྲལ་དང་གོ་རིམ་ལྡན་པ། འགོ་ཡག་པོ་ཚུགས་པ་བཅས་བྱུང་ཞིང་། ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་575.87ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་། གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་དུས་མཚུངས་ལས་66.2%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་18.5%འཕར་བ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་བྱུང་ནས“འགོ་འཛུགས་བརྟན་པོ”དང“འགོ་ཚུགས་བཀྲ་ཤིས”བྱུང་བ་རེད།
བརྟན་ཐོག་ཡར་འཕེལ་དང་། འཕེལ་ཁྲོད་ལེགས་བརྩོན། མ་འོངས་རེ་བས་ཕྱུག་པ་བཅས་བྱུང་ཞིང་། འདི་ལོ་ནས་བཟུང་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གོང་འོག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཤིང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་མུ་མཐུད་དཔལ་འབྱོར་བརྟན་གཏོང་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྦབ་ཆ་གཅིག་དང་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་པ། འགོ་ཁྲིད་གཙོ་བོས་སྔོན་ཚུད་བཀོད་འདོམས་དང་རང་ཉིད་ངོ་མས་བཀོད་གཏོང་བྱས་ཏེ་གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་བྱེད་སྤྱོད་ཀྱིས་ལས་ཀའི་བྱེད་ཐབས་ཁག་ཞིབ་ཕྲ་དང་ཏན་ཏིག་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བཅས་བྱས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཕན་འབྲས་གསར་པ་ཐོན་ཡོད།
དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་འགོ་ཚུགས་པ་དང་། མ་འཇོག་བརྟན་གཏོང་གི་ཕན་འབྲས་མངོན་གསལ་དོད་པ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་མགྱོགས་མྱུར་འཕར་བ། བཟོ་ལས་འཕར་ཤུགས་ཆེ་བ། ཁེ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་བ། སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ། འཛད་རྫས་ཁྲོམ་ར་རྒྱུན་མཐུད་སླར་གསོ་ཐུབ་པ་སོགས་བསྐྱར་འཕར་གྱི་གྲངས་གཞི་རེ་རེ་དང་འཕར་སྟངས་ཀྱི་རིམ་པ་རེ་རེའི་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕར་འགོ་ཚུགས་པ་དང་འཕེལ་ཕྱོགས་ལེགས་པའི་ཉམས་བཟང་མངོན་ཞིང་། དུས་ཚིགས་གཉིས་པར་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ་དང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
མིག་སྔར། དུས་བབ་བཟང་པོ་སྲ་བརྟན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། ནང་མཁོ་མི་འདང་བའི་ཚོད་འཛིན་མངོན་གསལ་དོད་པ། དཔལ་འབྱོར་བསྐྱར་འཕར་གྱི་རྨང་གཞི་ད་དུང་སྲ་བརྟན་དུ་གཏོང་དགོས་པ་བཅས་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གདེང་ཚོད་བརྟན་པོ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་སྨིན། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།“དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། དཔེ་བསྡུར་སྙེག་བརྒལ་དང་གསར་གཏོད་དངོས་སྒྲུབ་བཅས་བྱས་ནས་མིག་སྔའི་དཔལ་འབྱོར་འཕེལ་ཕྱོགས་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་དང་སྤྱི་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་ལ་མགྱོགས་མྱུར་ཞིབ་མཆན་འགོད་པ་དང་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་རྣམ་གྲངས་བཀོད་གཏོང་དང་འགན་འཁྲི་གཙང་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་གཞི་ཚུགས་པ། བོད་ཀྱི་དོན་དངོས་དང་འཚམ་པའི་ཡང་བའི་བཟོ་ལས་ཐོན་ལས་ཀྱི་མ་ལག་རིམ་བཞིན་བཙུགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་སྔོན་ཐོན་དང་བསྡུར་ནས་ཧེ་བག་འཚོལ་བ་དང་གནད་དོན་ལ་གཞི་ཚུགས་ཏེ་ཞན་ཆ་བསལ་ནས་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་ཆུ་ཚད་དང་ལས་ཀའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་འཁོར་རྒྱུག་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ས་ཁུལ(གྲོང་ཁྱེར)དང་། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་ལ་དམ་པོར་དམིགས་པ། དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་དང་། ལྟ་ཞིབ་ཚད་ལེན། སྔོན་དཔག་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་དགོས་པ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། གཏན་འཁེལ་ཟིན་པའི་བཀོད་སྒྲིག་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་བར་འགན་ལེན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།
中央部门网站
自治区部门网站
地(市)委部门网站
相关新闻网站