ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་དགོས།

发布时间:2023年01月20日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན་པས། ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་གྲུབ་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་མངོན་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འགག་རྩར་དམ་འཛིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གོ་བ་གཏིང་ཟབ་ལོན་པ་དང་ཁོང་དུ་ཆུད་པ་བཅས་བྱས་ནས། ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་སྙིང་རུས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

   དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རང་རེའི་ཏང་གི་རྩ་བའི་བླང་བྱ་ཞིག་རེད། 2022ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་མཐའ་འཁྱོངས་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་པར་བརྟེན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་ལས་དོན་སྐས་རིམ་གསར་པར་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དེ་ཏང་འཛུགས་སྐྱོང་གི“རྩ་བ”དང“བླ་སྲོག”ལ་དམ་འཛིན་བྱས་པ་ཞིག་རེད། དེ་ལས་ལྡོག་ཚེ་ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ཀྱི་ཁ་ཕྱོགས་འཛོལ་བ་དང་བླ་སྲོག་ཤོར་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད།

ཆབ་སྲིད་ཀྱི་གནད་དོན་ནི་ག་དུས་ཡིན་ཡང་རྩ་བའི་རང་བཞིན་གྱི་གནད་དོན་ཆེན་པོ་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས།“སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པར་སློབ་གསོ་ཁྲིད་སྟོན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པས་ཏང་གི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་གསར་པ་མངོན་ཡོད་མོད། འོན་ཀྱང་མིག་སྔར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་ལྗོངས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་མཐོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་མཐའ་འཁྱོངས། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བྱེད་པ། ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་ཉམས་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པར་བྱེད་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་དགོས། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གཏན་འཁེལ་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཀྱང་རེད། རང་རྟོགས་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས། གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཆེ་ཤོས་བཅས་ཡིན་པ་དང་། ཆབ་སྲིད་ཀྱི་གནད་ཆེའི་ཕྱོགས་དང་བརྡར་རྡོ་ཞིག་རེད་ལ། རྡོ་ཀ་ཤུ་ཁ་ལྟ་བུ་ཞིག་ཀྱང་རེད། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཁ་བཤད་ཙམ་མིན་པར་ཏན་ཏན་ཏིག་ཏིག་གིས་བྱ་སྤྱོད་ཁྲོད་ནས་མངོན་པར་བྱེད་དགོས། སེམས་གཏིང་ནས་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། གནས་ཚུལ་ངོ་མ་ཞུ་བ། ཕན་འབྲས་དངོས་ལ་སྣང་ཆེན་བཅས་བྱེད་པ་ལས། ཤོད་པ་ཙམ་དང་བྱེད་པ་ཙམ་བྱེད་མི་རུང་། རྙོག་འཛིང་ཆེ་བའི་སྐབས་སུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་ཚེགས་ཆེ་བའི་མདུན་དུ་སྙིང་སྟོབས་ཆེར་སྐྱེད་བྱས་ནས། འགག་རྩ་དང་ཉེན་ཁ་ཇི་ཙམ་ཆེ་ཡང་དེ་ཙམ་གྱིས་ལྷག་བསམ་རྣམ་དག་བྱེད་དགོས། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་དོགས་ཟོན་རང་བཞིན་ཆེ་རུ་བཏང་ནས“སྲུང་སྐྱོང་གཉིས”ལས་འགལ་བའི་གཏམ་སྤྱོད་ལ་དར་ཆ་གསལ་སྟོན་གྱིས་འཐབ་རྩོད་བྱེད་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་དང་། ཏང་ཡོངས་ཀྱིས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་ལ་ལྟ་སྐུལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། ཞིབ་ཕྲའི་བྱེད་ཐབས་ལ་དེ་བས་ཤུགས་སྣོན་བརྒྱབ་ནས་ལས་དོན་རེ་རེ་བཞིན་དང་བྱ་བ་རེ་རེའི་ཁྲོད་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་དོན་འཁྱོལ་ཡག་པོ་བྱས་མིན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གང་འདྲ་བྱས་མིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་དམ་འཛིན་ཏན་ཏིག་བྱས་མིན་བཅས་ལ་ལྟ་དགོས། རྒྱུན་རྣམ་ཅན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་དེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་གང་ས་ཅི་ཐད་ལ་ཁྱབ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་བཟོ་བ་དང་དོན་འཁྱོལ་ནང་མཉམ་འདྲེས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བོད་དུ་དོན་འཁྱོལ་དང་གྲུབ་འབྲས་ཐོབ་པར་བྱེད་དགོས།

རྩོམ་སྒྲིག་པ། བསོད་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com