ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

发布时间:2023年01月17日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ཤིང་། འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

འདི་ནི་དམངས་གཙོ་མཐུན་སྒྲིལ་དང་དངོས་སྒྲུབ་གསར་གཏོད་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ། འདི་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་ཁ་གསལ་བཟོ་བ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུ་ཤེས་དང་། ཐུན་མོང་གི་དམིགས་ཚད། ཐུན་མོང་གི་བྱ་སྤྱོད་བཅས་སུ་བསྒྱུར་ཡོད། ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་སྐུལ་ལྕག་ཐེབས་ཏེ། ཡིད་ཆེས་དེ་བས་བརྟན་པ་དང་། དཔའ་ངར་དེ་བས་ཆེ་བ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་རེད།

འདི་ནི་བསམ་བློ་གཅིག་གྱུར་དང་སེམས་ནུས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་འཐུས་མི་ཚོས་ལོ་རྒྱུས་ཀྱི་ལས་འགན་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་བཅས་ལ་བརྟེན་ནས་འགན་འཁྲི་ནན་གྱིས་འཁུར་བ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པས་སྤྱི་ཡོངས་བསམ་བཀོད་ཐུབ་པ་དང་དམངས་ཆེད་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་མངོན་ཡོད་ལ། འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་གི་དམིགས་ཚད་ཁ་གསལ་བ་དང་། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ནུས་པ་དང་ལྡན་པ་མ་ཟད། འཐུས་མི་ཡོངས་ཀྱི་ཐུན་མོང་གི་བློ་གྲོས་ཀྱང་གཅིག་ཏུ་འདུས་ཡོད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ལ། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློའང་ཚད་མཐོའི་གཅིག་གྱུར་བྱུང་ཡོད། འདི་ནི་འདི་ལོའི་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་རེད།

འདི་ནི་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག་རེད། ཐེངས་འདིའི་ཚོགས་ཆེན་གྱི་སྒྲིག་འཛུགས་གཟབ་ནན་དང་། ཚོགས་སྲོལ་དྲང་ནན། གོ་རིམ་དམ་ནན་བཅས་ཡོད། ཚོགས་ཆེན་ཐོག་སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་ཁྲིམས་ལྟར་བདམས་ཐོན་བྱུང་ཡོད། གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་དེ་དག་ནི་ཏང་གིས་ཡུན་རིང་གསོ་སྐྱོང་བྱས་པའི་ཕུལ་བྱུང་ལས་བྱེད་པ་དང་། ལག་ལེན་ཁྲོད་སྦྱོང་བརྡར་ཐེབས་ནས་འཚར་ལོངས་བྱུང་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཤ་སྟག་རེད། ཁོང་ཚོས་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། འགན་འཁྲིར་ངོ་མི་གནོང་བ། རང་འགན་གཙང་མར་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།

2023ལོ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོ་རེད། འཐུས་མི་རྣམ་པའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་སུ་སྒྱུར་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་དང་བསྡུར་བ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དོན་དངོས་ལ་གཞི་ཚུགས་ནས་མི་དམངས་འཐུས་ཚོགས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་འཕྱུགས་མེད་འཚོལ་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་ལ་རྒྱབ་སྐྱོར་གང་ཐུབ་བྱེད་པ། སྤྱི་ཡོངས་ཁྲོད་ནས་དོན་དག་གཉེར་བ་དང་། སྤྱི་ཡོངས་ཁྲོད་དུ་མཉམ་འདྲེས་བྱེད་རིང་བྱ་བ་སྒྲུབ་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་དོན་དག་འགྲུབ་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། མི་དམངས་ཀྱི་འཐུས་མིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དམངས་ཀྱི་རེ་འདུན་བརྡ་རྟགས་ཨང་དང་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དོན་གཉེར་ཨང་དང་པོ། དམངས་ཀྱི་ཆེད་དུ་ལས་འགན་བསྒྲུབ་པ་འགན་འཁྲི་ཨང་དང་པོ་བཅས་ལ་བརྩིས་ཏེ། དམངས་འཚོར་དོ་ཁུར་བྱེད་མཁན་བརྩོན་སེམས་ཅན་དང་། དམངས་འཚོ་འགན་ལེན་བྱེད་མཁན་བློས་ཐུབ། དམངས་འཚོ་ལེགས་སུ་གཏོང་མཁན་ལྷག་བསམ་ཅན་བཅས་ཧུར་ཐག་བྱེད་དགོས།

ལོ་རྒྱུས་ལ་བརྩི་བཀུར་ཞུ་ལུགས་ཡག་ཤོས་ནི་ལོ་རྒྱུས་གསར་པ་འབྲི་རྒྱུ་དང་། འབྱུང་འགྱུར་སྟངས་འཛིན་བྱེད་ལུགས་ཡག་ཤོས་ནི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་དེ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

རྩོམ་སྒྲིག་པ།   ཀརྨ་སྒྲོལ་མ།


微信

抖音

邮箱

邮箱地址:xzwxbjb@sina.com