ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལས་དོན་དོན་འཁྱོལ་དང་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས།

发布时间:2023年01月09日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

སྤྱོད་ཚུལ་བཟང་པོ་མེད་ན། དུས་རབས་གསར་པའི་རྒྱུག་མཐུད་བང་རྩལ་འགྲན་བསྡུར་ནང་ཡག་པོ་རྒྱུག་མི་ཐུབ། ལས་བྱེད་པའི་དཔུང་ཁག་གི་ཆུ་ཚད་མཐོ་དམན་གྱིས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་ཕན་འབྲས་གཏན་འཁེལ་བྱེད་ཐུབ། ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བར་དམ་འཛིན་ནན་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། དམིགས་ཚད་དང་། གནད་དོན། འབྲས་བུ་བཅས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་དུ་དམ་འཛིན་དང་། རྒྱུན་དུ་མཉམ་འདྲེས། རྒྱུན་དུ་སྒྲུབ་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།

སྤྱོད་ཚུལ་བཟང་པོ་ནི་དམག་འཐབ་ཀྱི་ནུས་པ་དང་། སྐུལ་འདེད་ཀྱི་ནུས་པ། གོང་བུ་སྒྲིལ་ཤུགས་བཅས་ཡིན་ལ། ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་ནུས་ལྡན་ཞིག་ཀྱང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་དང་། ཚན་ཁག མི་བཅས་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་ལ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་མཐོ་ཚད་དང་འབྲེལ་བ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྒྲིག་ཁྲིམས་དམ་པོ་མེད་པ་དང་། ཐེག་པ་འཁུར་ལེན་བྱེད་ཚད་མི་འདང་བ། སྤྱོད་ཚུལ་ཏན་ཏིག་མེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཞན་པ། བསམ་བློ་སྒྱིད་ལུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ནུས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ། ཐེག་པ་འཁུར་ལེན་གྱི་ནུས་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ནུས་པ། སྤྱོད་གཙང་རང་འདོམས་ཀྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ནས་ཐེག་པ་འཁུར་ལེན་དང་། དམ་པ་དོན་གཉེར། བྱས་པའི་རྗེས་དང་དྲུད་པའི་ཤུལ་བཅས་ཀྱི་སྒོ་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་བོད་དུ་ལག་བསྟར་དོན་འཁྱོལ་དང་གྲུབ་འབྲས་འཐོབ་པར་བྱེད་དགོས།

བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན་པ་དང་། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་འབྱེད་ནི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་ཆ་སྟོབས་ཆེན་ཞིག་རེད། སྔར་བས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་འབྱེད་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམིགས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཇུས་འགོད་དང་སྐུལ་འདེད་དང་། དུས་རབས་ཀྱི་གོམ་པའི་རྗེས་སུ་སྙེག་པ་དང་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། མཁྲེགས་བཟུང་གི་བསམ་གཞིག་དང་གཞན་རྟེན་གྱི་བསམ་བློ་འདོར་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་ཁྲིད་སྟོན་མཐའ་འཁྱོངས། བརྒྱུད་རིམ་གྱི་འདུ་ཤེས་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་སྐུལ་འདེད། སྔོན་ཐོན་ཉམས་མྱོང་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་སྐུལ་འདེད། གཞུང་འཁྱོངས་གསར་འབྱེད་དང་བདེན་དོན་བརྩོན་གཉེར་བཅས་བྱས་ཏེ་བསམ་ཕྱོགས་གསར་པ་འགྲུབ་པ་དང་། བྱེད་ཐབས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས།

རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་། ཏང་གི་རྩ་བ་དང་ཁྲག་རྒྱུན་མི་དམངས་ཀྱི་ཁྲོད་དུ་གནས་ཡོད། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ངོ་བོའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བ། མི་དམངས་ཀྱིས་བརྩི་བཀུར་བྱེད་མིན་དང་། མོས་མཐུན་བྱེད་མིན། དགའ་པོ་བྱེད་མིན། ཁས་ལེན་བྱེད་མིན་བཅས་ལས་དོན་གྱི་ཐོབ་ཤོར་ལ་ཚད་འཇལ་བའི་རྩ་བའི་ཚད་གཞི་མཐའ་འཁྱོངས། བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་ལམ་ལུགས་ནི་རྩ་བ་རེད། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་མཐའ་གཅིག་ཏུ་འཐུས་སྒོ་ཚང་དུ་གཏོང་དགོས། ལས་དོན་དོན་འཁྱོལ་གྱི་བཀག་སྡོམ་དོ་དམ་ལམ་སྲོལ་འཛུགས་པ་དང་། ལས་དོན་གྱི་འཁོར་འབྲེལ་ལ་དམིགས་ཏེ་འགན་འཁྲིའི་འཁོར་འབྲེལ་འཛུགས་པ། སྒྲིག་ཁྲིམས་སྒྲིག་ལམ་ལམ་ལུགས་དང་དོ་དམ་ཞིབ་དཔྱད་གདེང་འཇོག་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་ཐེག་པ་འཁུར་ལེན་གྱི་ལྕག་འདེབས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཕུཌ་ཕན་ཅན་བཅས་སུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ།

微信

抖音

邮箱

邮箱地址:xzwxbjb@sina.com