གཙོ་གནད་དམ་འཛིན་གྱིས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས།

发布时间:2022年12月23日 文章来源:ཤིན་ཧྭ་གསར་འགྱུར་ཁང་།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སང་ལོའི་དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་འགོ་ཚུགས་ཏེ། འགལ་ཟླ་གཙོ་བོ་དམ་འཛིན་བྱས་ནས་སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ་བྱ་རྒྱུ་ནས་འགོ་འཛུགས་པ་དང་། འགག་རྩའི་ལྷུ་ཚིགས་གལ་ཆེན་དམ་འཛིན་བྱས་ནས་གོ་རིམ་ལྡན་པའི་ངང་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་བཏོན་པ་དང་འབྲེལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། གཙོ་གནད་ལས་འགན་དེ་དག་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པར་ཁྲོམ་རའི་བྱེད་པོས་སྲིད་ཇུས་ཀྱི་ཕན་པ་དང་ཁྲོམ་རའི་ཁེ་བཟང་དངོས་འབྲེལ་ཚོར་ཐུབ་པ་དང་། ཏང་དང་སྲིད་གཞུང་གིས་སྤྱི་ཚོགས་ཡོངས་འཕེལ་རྒྱས་གཏོང་བའི་ཧུར་སེམས་ལ་རྒྱབ་སྐྱོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་དང་ནུས་པ་ཆེན་པོ་མཐོང་ཐུབ་པ་བྱས་ཚེ་གཙོ་བོས་ཕལ་པར་སྣེ་ཁྲིད་ཐུབ་སྟེ་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་བྱེད་ཐུབ།

རྒྱལ་ནང་གི་དགོས་མཁོ་ཆེ་རུ་ཧུར་ཐག་གཏོང་དགོས། སྤྱིའི་དགོས་མཁོ་མི་འདང་བ་ནི་མིག་སྔར་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་ཞིག་རེད་ལ། ཁྲོམ་རའི་བྱེད་པོས་ཐད་ཀར་ཚོར་བའི་དཀའ་ངལ་ཞིག་ཀྱང་རེད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ངེས་པར་དུ་ལག་བསྟར་ཤུགས་ཆེན་བྱས་ཏེ་རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ནང་ཁྲོམ་རའི་དགོས་མཁོའི་གཏིང་ཤུགས་འཕེལ་བ་དང་། འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་མ་འཇོག་གི་འགག་རྩའི་ནུས་པ་ཡག་པོ་བཏོན་ཏེ་སྤྱི་ཚོགས་ཀྱི་བསྐྱར་དུ་ཐོན་སྐྱེད་འཁོར་རྒྱུག་བཟང་པོ་ཡོང་བ་བྱེད་དགོས། འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ་གལ་ཆེའི་གནས་བབ་ཏུ་བཞག་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཐབས་ཤེས་གང་མང་སྤྱད་ནས་མང་དུ་གཏོང་བ་དང་ལྷག་པར་དུ་འཛད་སྤྱོད་བྱེད་འདོད་ཆེ་ཡང་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་པའི་ཡོང་འབབ་འབྲིང་དམའི་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་རིང་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་གཞི་རྒྱུ་ཡོངས་ཀྱི་ཐོན་སྐྱེད་བྱེད་ནུས་དང་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་སྟེ་ཆུ་ཚད་མཐོ་བའི་མཁོ་དགོས་འཁོར་རྒྱུག་བཟང་པོ་དང་བབ་བསྟུན་དོ་སྙོམས་ཡོང་བ་བྱེད་དགོས།

དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས། རང་རྒྱལ་ལ་འཛམ་གླིང་དུ་ཆ་ཚང་ཤོས་ཀྱི་ཐོན་ལས་མ་ལག་དང་མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱི་ནང་མཁོའི་ཁྲོམ་ར་ཡོད་པ་དང་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་30%ཟིན་པས། གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བ་གལ་ཆེན་ཞིག་རེད། ང་ཚོས་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་རྩ་བ་འདི་བརྟན་པོར་བསྲུངས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཧུར་ཐག་བྱེད་དགོས།

གྲངས་འཛིན་དཔལ་འབྱོར་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཐག་གཅོད་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། རྒྱུན་རྣམ་ཅན་གྱི་ལྟ་འདོམས་ཆུ་ཚད་མཐོ་རུ་བཏང་སྟེ་ཚད་ལྡན་དང་། སྐྱོན་བྲལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་ཅིག་བཏོད་དེ་འཕེལ་རྒྱས་ལ་ཁྲིད་སྟོན་དང་། གསར་གཏོད་ལས་ཞུགས། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ལས་སྟེགས་དང་ཁེ་ལས་ཀྱིས་སྟོབས་ཤུགས་ངོམ་པར་རྒྱབ་སྐྱོར་བྱེད་དགོས།

“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ལམ་ལུགས་དང་བཅའ་ཁྲིམས་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་དང་། སྲིད་ཇུས་དང་གླེང་ཕྱོགས་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་དང་ཁེ་ལས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཚད་ལྡན་སྐྱོན་བྲལ་གྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་ཚེ་ཁེ་ལས་ཀྱི་གསོན་ཤུགས་གཞི་ནས་གང་ལེགས་འདོན་ཐུབ་པ་དང་། དཔལ་འབྱོར་གཞི་ནས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ། འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ལ་དཀའ་གནད་སེལ་རོགས་དང་བྱ་བ་དངོས་སྒྲུབ་རོགས་བྱས་ནས“ཟོལ་མེད་བརྩེ་བས་མི་སེམས་དྲོ་བར་བྱེད་པའི”སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས།

ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་དང་བེད་སྤྱོད་ཧུར་ཐག་གཏོང་བ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་རང་རྒྱལ་འཕེལ་རྒྱས་མགྱོགས་མྱུར་བྱུང་བའི་ཉམས་མྱོང་གལ་ཆེན་ཞིག་རེད། མིག་སྔར་འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་ཤུགས་ཆེན་བྱས་ནས་རྒྱལ་སྤྱིའི་ལས་བགོས་མ་ལག་གསར་པའི་ནང་དུ་དགེ་མཚན་ལྡན་པའི་གནས་བབ་འཛིན་གང་ཐུབ་བྱེད་བཞིན་ཡོད། ང་ཚོས་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ནང་གི་ཁྲོམ་ར་དང་ཐོན་ལས་མ་ལག་འཐུས་ཚང་དང་། ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མཐོ་བའི་དགེ་མཚན་བཏོན་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁྲོམ་རར་ཞུགས་འཐུས་སྔར་བས་རྒྱ་ཆེར་གཏོང་བ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་སོགས་སྒོ་འབྱེད་ལས་སྟེགས་སྣ་ཚོགས་ཀྱི་ནུས་པ་གང་ལེགས་འདོན་དགོས། དམིགས་ས་ཡོད་པའི་སྒོ་ནས་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་། འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་རོགས། སྟབས་བདེ་གང་ཡོང་བྱེད་པ། ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་ཁེ་ལས་འབྲིང་ཆུང་ཀྲུང་གོར་མ་དངུལ་འཇོག་པར་ཡོང་བའི་ཡིད་དབང་འགུགས་པར་མཐོང་ཆེན་བཅས་བྱེད་དགོས།

དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་དགོས། ངེས་པར་དུ་བརྒྱུད་རིམ་གྱི་ལྟ་བ་དང་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་དང་། རྩ་ལག་མཉམ་བཅོས་དང་ཉེ་རྒྱང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྟོབས་ཤུགས་ཀྱི་མ་ཆ་སྟོབས་ཆེན་དུ་འགྱུར་བ་དང་ཉེན་ཁའི་བུ་ཆ་ཆུང་དུ་བཏང་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། དངུལ་རྩ་ནི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། དངུལ་རྩ་བརྟན་པོ་ཡོང་བའི་འགན་སྲུང་མ་ལག་ལ་ཤུགས་སྣོན་དང་། ཕྱོགས་གང་ཅིའི་འགན་འཁྲི་ནན་དུ་གཏོང་བ། དངུལ་རྩའི་ལྟ་འདོམས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་སྒྲིག་གཞིས་ནང་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། དངུལ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་གཞི་ཆུང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱས་ཏེ། ས་གནས་ཀྱི་གཞི་རྩའི་ནོར་ཤུགས་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་བརྟན་དུ་གཏོང་དགོས།

2023ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་གཏན་ལ་ཕབ་ཟིན། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ཏན་ཏན་ཏིག་ཏིག་གི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་དགོས།

རྩོམ་སྒྲིག་པ།པ་སངས་སྒྲོལ་དཀར།

微信

抖音

邮箱

邮箱地址:xzwxbjb@sina.com