མིག་སྔར། རྒྱལ་ཡོངས་མི་དམངས་ཀྱིས་བོད་ཀྱི་རིམས་ནད་ལ་སེམས་ཁྲལ་བྱེད་པའི་སྐབས་སུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་སྔོ་ཚལ་ཁུལ་དང་པོའི་ཚོང་དུད་151དང་152ཀྱིས་ཟོག་གོང་ཧམ་སྤོར་བྱེད་པའི་བྱེད་སྤྱོད་ལ་མི་རྣམས་ཁོང་ཁྲོ་རབ་ཏུ་ལངས་ཤིང་། དེ་རྗེས་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཐེར་འདོན་གོང་ཞུའི་གནས་ཚུལ་ལ་ཞིབ་དཔྱད་བྱས་པ་དང་འབྲེལ་ཟོག་གོང་ཧམ་སྤོར་བྱ་སྤྱོད་ལ་ཆད་པ་བཅད་པ་རེད།
ཟླ8ཚེས7ཉིན་ནས་བཟུང་བོད་ལ་གློ་བུར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་ཡོད་པ་རེད། ཟླ8ཚེས14ཉིན་གྱི་ཆུ་ཚོད12བར་ལྗོངས་ཡོངས་སུ་ས་གནས་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཁྱོན947ཟིན་པ་དེའི་ནང་ནད་དཔེ99དང་ནད་རྟགས་མེད་པའི་ནད་དཔེ848ཡོད་པ་རེད། རིམས་ནད་ཐོན་ཚུན། རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པར་བསྐྱོད་ཡོད། དེའི་ཁྲོད་ཁེ་ལས་ཀྱི་གཟུགས་བརྙན་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། ཁེ་ལས་དེ་དག་གིས་བོད་ལ་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་"ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི"རླབས་ཆེན་གྱི་མི་རིགས་སྙིང་སྟོབས་མཐོང་བར་བྱས་ཡོད།
འོན་ཀྱང་། ཕྱོགས་ཁག་གིས་ཀུན་སེམས་གཅིག་སྒྲིལ་གྱིས་རོགས་སྐྱོར་བྱེད་པའི་སྐབས་སུ་ཚོང་དུད་ཁ་ཤས་ཀྱིས་རིམས་ནད་ལ་བསྟུན་ནས་ཟོག་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་བྱས་པས་མང་ཚོགས་ལ་བློ་ཕམ་ཆེན་པོ་བཟོས་ཡོད། བྱམས་སེམས་ཅུང་ཙམ་ཡོད་པའི་མི་ཞིག་ཡིན་ཕྱིན། སྐབས་འདིར་འདི་འདྲའི་བྱ་སྤྱོད་སྤེལ་མི་སྲིད། གོད་ཆག་འཕྲད་སྐབས་ཟོག་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་བྱེད་མཁན་ཚོང་དུད་ནི་ཤེས་རྨོངས་རེད་ཅེས་བརྗོད་པ་ལས་རྒྱུ་དག་མེད་ཅེས་བརྗོད་ན་ལེགས།
རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཟོག་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་བྱས་ཚེ་ཀུན་སྤྱོད་ཀྱི་མ་མཐའི་མཚམས་ཐིག་ལ་ཕོག་ཐུག་བཏང་ཡོད་ལ། བཅའ་ཁྲིམས་དང་དེ་བས་འགལ་ཡོད། 《རིན་གོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཚོང་གཉེར་བྱེད་མཁན་གྱིས་ཟོག་གོང་ཧམ་སྤོར་དང་། འབེལ་ཉོ་དཀོན་འཚོང་། བཙན་ཤེད་ཀྱིས་སྡེབ་འཚོང་བཅས་བྱས་མི་ཆོག་པ་དང་། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱས་ནས་ཚོང་ཟོག་གི་རིན་གོང་མཐོ་པོ་འཕར་རྒྱུར་སྐུལ་འདེད་བཏང་མི་ཆོག་པ། ཕན་ཚུན་ལྐོག་འབྲེལ་བྱས་ནས་ཚོང་རའི་རིན་གོང་ཁ་ལོ་སྒྱུར་མི་ཆོག་པ། རིན་གོང་གསལ་པོར་འགོད་པའི་གཏན་འབེབས་དང་དེ་བཞིན་རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་གཞན་དག་བཅས་བྱས་མི་ཆོག
རིམས་ནད་ཀྱི་མདུན་དུ་ཚང་མས་ཕན་ཚུན་རོགས་རེས་དང་དཀའ་གནད་མཉམ་སྒྲོལ་བྱེད་དགོས། གོ་སྐབས་དང་བསྟུན་ནས་ཟོག་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་དེ་སྤྱི་པའི་སྤྱོད་བཟང་དང་འགལ་བ་དང་། མི་ཚུལ་ལྡན་ཞིག་བྱེད་པའི་གཞུང་སེམས་དང་འགལ་བས་མགྱོགས་མྱུར་ཐག་གཅོད་ནན་པོ་དང་། ཉེས་ཆད་ཚ་ནན་གཏོང་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།(དོན་གྲུབ་ཚེ་རིང་།)
རྩོམ་སྒྲིག་པ། སྤེན་པ་བདེ་སྐྱིད།
中央部门网站
自治区部门网站
地(市)委部门网站
相关新闻网站